འདི་ནི་མཛུམ་སྐེ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་དངུལ་ཁང་ལས་དོན་རུ་ཁག་གིས་མང་ཚོགས་ལ་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།
2019ལོ་ནི་ནག་ཆུ་རྫོང་ཤོ་མོང་ཤང་མཛུམ་སྐེ་གྲོང་ཚོ“དབུལ་ཞྭ་འཕུད་པའི”མཐའ་མའི་ལོ་ཡིན། གསར་འགོད་པས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་3པ་ནས་བཟུང་། མཛུམ་སྐེ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་དངུལ་ཁང་ལས་དོན་རུ་ཁག་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་52ལ་གྲལ་བཤེར་དང་མཐིལ་རྟོགས་ལས་དོན་སྤེལ་བས་2016ལོ་ནས་2018ལོ་བར་གྱི་ཡིག་ཚགས་དང་གཱ་བཟོས་པའི་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་བསྡུར་དང་བཟོ་བཅོས་བྱས་པ་རེད། མིག་སྔའི་བར་གྲོང་ཚོའི་དུད་ཚང་དབུལ་པོ་44ལ་ཆ་འཕྲིན་ཞིབ་བསྡུར་བྱས་པའི་ཁྲོད་དུད་ཚང་དབུལ་པོ་19ཡི་ཆ་འཕྲིན་ཚང་མ་ཕབ་འཇུག་ཟིན་ནས་ལས་ཆོད་དང་ལས་འགན་བསྒྲུབས་ཚད་ཤང་དེ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
གྲལ་བཤེར་ལས་དོན་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རྨང་གཞིའི་ཆ་འཕྲིན་དང་། ཐོན་སྐྱེད་དང་འཚོ་བ། ཁྱིམ་ཚང་གི་གནས་ཚུལ། ཡུལ་གཞན་དུ་གནས་སྤོས། སྣོད་བཅུད་ཁ་གསབ། སློབ་གསོ་འཕེལ་རྒྱས། ལས་ཞུགས་གཞན་སྒྱུར། སྤྱི་ཚོགས་འགན་སྲུང་། ཡོང་འབབ་བསྡོམས་བརྩིས་བཅས་ཕྱོགས་9དང་འབྲེལ་བ་ཡོད་པའི་ནང་དོན་47ལ་ཞིབ་བསྡུར་བྱས་པ་རེད། དེའི་དམིགས་ཡུལ་གཙོ་བོ་ནི་དབུལ་སྐྱོར་ལག་དེབ་ཀྱི་བསྡོམས་རྩིས་དང་གྲངས་གཞིའི་ནོར་འཛོལ་ལ་བཅོས་སྒྲིག་དང་ཡོ་བསྲང་བྱས་ཏེ་གོམ་སྟབས་རྗེས་མར་མཛུམ་སྐེ་གྲོང་ཚོའི་དབུལ་ཞྭ་འཕུད་པར་རྨང་གཞི་བརྟན་པོ་འདིང་ཆེད་རེད།
གཞན་ཡང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དེ་ཡོངས་ཀྱི་སྣོད་བཅུད་ལས་གནས་ལོངས་སུ་སྤྱོད་པའི་མི་200ལྷག་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་ལོ་ཚད་ལས་ཡོལ་བ་དང་། གྲོངས་པ། མནའ་མར་སོང་བ་བཅས་ཕྱིར་འབུད་བྱས་ཡོད། མིག་སྔའི་བར་གྲོང་ཚོ་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་42ལ་སྣོད་བཅུད་ལས་གནས་སྤྲད་ཡོད་ལ། ཡོང་འབབ་དམའ་བའི་དུད་ཚང་68ཀྱི་མི་128ལ་ཡང་སྣོད་བཅུད་ལས་གནས་སྤྲད་ཡོད། ལོ་ཧྲིལ་པོར་མི་4ཕྱིར་འབུད་བྱས་ཤིང་། མི་1སྲིད་ཇུས་ཀྱི་བླང་བྱ་དང་མཐུན་པས་སྣོད་བཅུད་ལས་གནས་སུ་བསྐོས་ནས་ལས་གནས་དང་ཆ་འཕྲིན་དུས་ཐོག་ཏུ་བཟང་སྒྲིག་བྱས་ཏེ་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ལ་རམ་འདེགས་བྱས་ཡོད་པ་རེད།