དབུ་ཤོག>ཞིང་འབྲོག་གསར་པ།
  • ​ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་ཁག་གི་མང་ཚོགས་ལ་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་ཁྲིད་སྟོན་བྱས་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-08

    ཆབ་མདོའི་མི་སེར་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིས། བདེ་སྐྱིད་ལྡན་པའི་འཚོ་བ་འདི་ལྟ་བུ་གང་ལ་བརྟེན་ནས་བྱུང་བ་ཡིན་ནམ། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།

    བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གི་འགོ་ཁྲིད་ལས་བྱུང་བ།

    “ང་ཚོའི་ཕ་ཡུལ་གྱི་འགྱུར་ལྡོག་ལས་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་ཚོར་ཐུབ”ཅེས་སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་འཕུར་ལ་གྲོང་ཚོའི་གྲོང་མི་རིན་ཆེན་འགྱུར་མེད་ཀྱིས་གསར་འགོད་པར་དེ་ལྟར་བརྗོད་བྱུང་། ཏང་དང་སྲིད་གཞུང་གི་ཡུལ་གཞན་དུ་གནས་སྤོས་ཀྱི་དབུལ་སྐྱོར་སྲིད་ཇུས་ཡག་པོར་བརྟེན་ནས་ཁོང་ཚོ་འགྲོ་བསྐྱོད་དཀའ་བ་དང་། འཐུང་ཆུ་དཀོན་པ། ནད་གཞི་ལྟ་དཀའ་བ། འབབ་འཕར་དེ་བས་དཀའ་བ་བཅས་ཀྱི་རི་འདབས་ནས་སྤོས་ཏེ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཐོག་ཁང་ནང་སྡོད་རྒྱུ་བྱུང་བ་མ་ཟད། ཞིང་དལ་དུས་སུ་ཉེ་འཁོར་དུ་ཡོང་འབབ་དེ་བས་གསོག་བདེ་རུ་ཕྱིན་ནས་ཚང་མའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་སོང་ཡོད།

    ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཁྲེང་ཀོན་གྲོང་རྡལ་གྱི་གྲོང་མི་ལྷག་པ་སྒྲོན་མ་སྨན་ཁང་ནས་དོན་པའི་འགྲོ་ལུགས་གཉེར་མ་ཐག་ཡིན་ཞིང་། སྨན་ཁང་དུ་ཉིན་བདུན་སྡོད་རིང་གི་སྨན་ཡོན་རྣམས་སྨན་བཅོས་འགན་བཅོལ་ནས་རྩིས་ཞུ་བྱས་པས་རང་ཉིད་ཀྱིས་སྒོར་2000ལས་གཏོང་དགོས་བྱུང་མེད། ལྷག་པ་སྒྲོན་མས་གསར་འགོད་པར“མ་གཞི་ལུས་ལ་ནད་ཕོག་པ་ནི་ཡིད་སྐྱོ་དགོས་པ་ཞིག་རེད། ཡིན་ནའང་སྨན་བཅོས་འགན་བཅོལ་ཡོད་སྟབས་སེམས་ལྷོད་ལ་བབས་སོང”ཞེས་བརྗོད།

    “སྔོན་ཆད་མི་སེར་ཚོས་དཀོན་མཆོག་ནི་ཁོང་ཚོའི་མགོན་སྐྱབས་ཡིན་སྙམ་ནས་རྟག་ཏུ་སྐོར་བར་བསྐྱོད་་དེ་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། ད་ལྟ་མི་སེར་ཚང་མས་གུང་ཁྲན་ཏང་གིས་ཁོང་ཚོའི་སྣེ་ཁྲིད་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོར་ཐུགས་ཁུར་གནང་གི་ཡོད་པ་ཤེས་ཀྱི་ཡོད”ཅེས་གུང་ཁྲན་ཏང་ནང་ཞུགས་མ་ཐག་པའི་གོ་འཇོ་རྫོང་གི་བཅོ་ལྔ་ཚེ་དབང་གིས་དེ་ལྟར་བརྗོད།

    བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྲོལ་གསར་གཞུང་དྲང་ལས་བྱུང་བ།

    གསར་འགོད་པས་དཔལ་འབར་རྫོང་དུ་བཅར་འདྲི་བྱེད་སྐབས། དཔལ་འབར་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཁྲེན་ཀྲེན་གོ་ཡིས་དགའ་ཚོར་ཆེན་པོས། སྤྱི་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་ཕྱིན་པས་ཚང་མ་སློབ་སྦྱོང་བྱ་རྒྱུར་དགའ་པོ་ཡོད་པ་མ་ཟད། ལུགས་རྙིང་སྲོལ་ངན་དོར་ནས་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་འགོ་ཚུགས་ཡོད་ཅེས་བརྗོད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་པ་སྦྲགས། དཔལ་འབར་རྫོང་མར་ཤོག་ཤང་བུ་དགུ་གྲོང་ཚོའི་གྲོང་མི་ཚོ་ཡང་སྡོད་ཁང་གསར་པར་སྤོས་ཏེ་ལྟོ་གོས་ལ་སེམས་ཁྲལ་མེད་པའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་འདུག ད་ཆ་དུད་ཚང་ཚང་མས་གྲོང་སྲོལ་དམངས་ཆིངས་ནང་ལ་བཀལ་བ་མ་ཟད། གྲོང་མི་མང་ཆེ་བས་ཁོམ་པ་ཡོད་ཚེ་གྲོང་ཚོའི་དཔེ་ཁང་དུ་སློབ་སྦྱོང་བྱེད་པར་འགྲོ་གི་ཡོད་སྟབས་ཉེ་བའི་ལོ་ཤས་རིང་གྲོང་ཚོར་རྩོད་གཞི་ཐོན་ཉུང་དུ་སོང་ཡོད་པ་རེད།

    ད་ཆ་གྲོང་ཚོར་སློབ་གྲྭ་ཆེ་མོ་བ་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད་པས། ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་ཡིན་པ་རང་ཉིད་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གྲོང་མི་མེ་ཏོག་གིས་བརྗོད་པ་དང་། ཁོང་གིས“སློབ་སྦྱོང་བྱས་པ་བརྒྱུད། གྲོང་མི་ཚོས་སྲིད་ཇུས་ཡག་པོ་དེ་བས་མང་བ་ཤེས་རྟོགས་ཐུབ་པ་དང་། འཚོ་བ་ཡག་པོ་གང་ལ་བརྟེན་ནས་བྱུང་བ་གསལ་པོར་ཤེས་པས་དེ་ནི་སྐོར་བར་འགྲོ་བ་དང་གནས་མཇལ་དུ་འགྲོ་བ་ལས་ལྷག་པ་ཡོད”ཅེས་བརྗོད།

    བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བྱུང་བ།

    ཆབ་མདོ་གྲོང་ཁུལ་ནས་བར་ཐག་སྤྱི་ལེ་12ཙམ་ཡོད་པའི་བོད་བཟོའི་གྲོང་མིའི་སྡོད་ཁང་སྟར་པ་དེ་དག་རི་འདབས་སུ་ཆགས་ཤིང་གྲལ་འགྲིག་པོ་འདུག དེ་གར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱིས་གྲོང་ཚོའི་ཐང་ཆེན་དང་སྤྱི་གླིང་དུ་སྤྲོ་འཆམ་བྱེད་བཞིན་དགའ་སྤྲོའི་དཔལ་ལ་རོལ། ་

    འདི་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་རེད། ལོ་བཅུའི་གོང་སྐོར་བར་འགྲོ་བ་དང་གནས་མཇལ་དུ་འགྲོ་བ་ནི་གྲོང་མི་ཚོའི་འཚོ་བའི་གོམས་གཤིས་ཤིག་རེད། ཡིན་ནའང་ད་ལྟ“སྐོར་བར་ཕྱིན་ཀྱང་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་ཐབས་བྲལ་བས་དེ་ལས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་ཐབས་བྱས་ན་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ”དེ་ནི་མི་སེར་ཚོའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ལས་བརྩོན་ལས་གཏོད་ཀྱི་གྲུ་གཡོར་མཐོན་པོར་བསྒྲེངས་ནས་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱེད་བཞིན་ཡོད།

    “མི་སེར་ཚོའི་བསམ་བློར་འགྱུར་ལྡོག་ཆེན་པོ་འདི་འདྲ་ག་དུས་བྱུང་བ་ཡིན་ནམ”ཞེས་གསར་འགོད་པས་བཅར་འདྲི་བྱེད་སྐབས། ཁུ་རུབ་གྲོང་ཚོའི་བགྲེས་སོང་བྱམས་པ་འགྱུར་མེད་ཀྱིས་2002ལོར་ཁ་རུབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་དགའ་ཡི་སྣེ་ཁྲིད་འོག་གྲོང་ཚོར་ཁ་རུབ་གྲོང་ཚོའི་བདེ་འཇགས་སྐྱེལ་འདྲེན་རུ་ཁག་དང་། ཁ་རུབ་གྲོང་ཚོའི་ཞིང་འབྲོག་པའི་ཨར་ལས་རུ་ཁག སྣོད་བཅུད་ཞིང་ལས་མྱོང་རོལ་གླིང་། ཁ་རུབ་བྱིས་པའི་སྤྲོ་སྐྱིད་ཁང་། ཁ་རུབ་ཆུ་ཚན་མགྲོན་ཁང་ཆེ་མོ་སོགས་བཙུགས་པ་ནས་བཟུང་། “ཚང་མ་ཉིན་ལྟར་ལས་བྲེལ་ཆེན་པོ་ཡོད་པས་སྐོར་བར་འགྲོ་བའི་ཁོམ་པ་ག་ལ་ཡོད”ཅེས་བརྗོད།

    “རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་དེ་ལྟ་བུ་མང་པོ་ཡོད་པའི་ཁར་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་པས་བདེ་སྐྱིད་ལྡན་པའི་འཚོ་བ་རང་ཉིད་ཀྱི་མིག་མདུན་དུ་འདུག”ཅེས་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་བཅོ་ལྔ་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་པས་དབུལ་ཞྭ་ཕུད་པ་མ་ཟད། ད་ཆ་ཐོག་སོ་ཉིས་ལྡན་གྱི་སྤྲོ་ཁང་ནང་བསྡད་ཡོད་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་10ཡོད་པས་བདེ་སྐྱིད་ལྡན་པའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ་འདུག་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།