དབུ་ཤོག>ཞིང་འབྲོག་གསར་པ།
  • ཞིམ་མངར་ཞོ་ལས་བདེ་སྐྱིད་འཚོ་བ་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-05-05

    ཞིང་བྲེལ་གྱི་དུས་ཚིགས་སུ་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་གསེར་ལུང་ཞིང་འབྲོག་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གི་ཁམ་གཙང་བའི་འཁོར་ཁང་དུ་ལོ་27ལ་སླེབས་པའི་འཇམ་དཔལ་གཡུ་སྒྲོན་ཞོ་ཐུམ་སྒྲིལ་རྒྱག་བཞིན་འདུག

    ལས་ཀའི་སྐོར་གླེང་སྐབས་ཁོང་ལ་སེམས་འགུལ་ཚད་མེད་ཐེབས་ཤིང་། སྔོན་ཆད་ལག་རྩལ་མི་ཤེས་པའི་རྐྱེན་གྱིས་འཇམ་དཔལ་གཡུ་སྒྲོན་གྱི་ནང་མི་ཚོས་ཞིང་ཁ་འདེབས་པ་དང་ཕྱུགས་རིགས་ལ་བརྟེན་ནས་ཡོང་འབབ་འཚོལ་རྒྱུ་ལས་མི་འདས་པས་གྲོང་ཚོའི་དུད་ཚང་དབུལ་པོའི་གྲས་ཤིག་རེད། མཉམ་ལས་ཁང་བཙུགས་རྗེས་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ཁོང་དུས་ཐོག་ཏུ་མཉམ་ལས་ཁང་དུ་ལས་ཀ་བཀོད་སྒྲིག་བྱས་ཏེ་འབབ་འཕར་ཡོང་ཐབས་བྱས་པ་རེད།

    “མཉམ་ལས་ཁང་དུ་ལས་སོས་ཡང་ལ་ཁྱིམ་དང་ཐག་ཉེ་བ་མ་ཟད། གླ་ཆ་ཡང་ཉིན་རེར་སྒོར་100འདུག དབྱར་ཁ་འོ་མའི་ཐོན་ཚད་མང་དུ་སོང་བ་དང་ལས་དུས་འཕར་མ་བྱེད་དགོས་པས་ཟླ་རེར་གླ་ཆ་སྒོར་4000ནས་5000བར་འདུག གྲོང་ཚོས་ངའི་ཁྱིམ་ལ་རོགས་རམ་ཆེན་པོ་གནང་བྱུང”ཞེས་འཇམ་དཔལ་གཡུ་སྒྲོན་གྱིས་དགའ་ཚོར་ཆེན་པོས་བརྗོད།

    བཅིངས་འགྲོལ་གྲོང་ཚོའི་གསེར་ལུང་ཞིང་འབྲོག་ཐོན་རྫས་ལས་སྣོན་མཉམ་ལས་ཁང་དེ་2015ལོར་བཙུགས་པ་དང་མ་འཇོག་སྒོར་ཁྲི་362ལྷག་ཙམ་བྱས་པར་རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་70དང་། གྲོང་ཁྱེར་དང་རྫོང་སྲིད་གཞུང་གིས་མ་འཇོག་སྒོར་ཁྲི་273 མཉམ་ལས་ཁང་གིས་སྒོར་ཁྲི་19རང་གྲབས་བྱས་པ་ཞིག་རེད། གཞུང་ལས་ཁང་དང་། འཁོར་ཁང་སྨི་ངོས་གྲུ་125 ཕྱུར་བ་སྐམ་ཁང་སྨི་ངོས་གྲུ་200བཅས་བསྐྲུན་ཏེ་མར་དང་། ཕྱུར་བ། ནས། ཞོག་ཁོག་སོགས་ཞིང་ཞོར་ཐོན་རྫས་ལས་སྣོན་གྱི་ལས་སྒོ་གཙོ་གཉེར་བྱེད་ཀྱི་ཡོད།

    2016ལོར་མཉམ་ལས་ཁང་གིས་ཐོན་རྫས་ཀྱི་ཚོང་རྟགས་ཐོ་འགོད་བྱས་པ་དང་2017ལོར་ལྷ་སའི་པ་ཏྲ་ཞོའི་ལག་རྩལ་དང་སྤུས་རྟགས་ནང་འདྲེན་བྱས་ཏེ་ཞོའི་ལས་སྣོན་ཐོན་ལས་རྒྱ་སྐྱེད་བཏང་ཡོད། དུས་དེ་ནས་བཟུང་། ཤང་ཡོངས་ཀྱི་དུད་ཚང་112ཀྱི་འོ་མར་ཚོང་ལམ་བརྟན་པོ་ཞིག་བྱུང་ནས་དུད་ཚང་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་580བྱུང་ཡོད།

    ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་ཚོགས་ཚོར་ཕན་པ་གཏོད་ཆེད། མཉམ་ལས་ཁང་གིས་སྒོར་19000བཏོན་ཏེ་ཤང་ཡོངས་ཀྱི་ངལ་ནུས་ཤོར་བའི་མི25ལ་ཁེ་སྤོགས་བགོ་བཤའ་བརྒྱབ་པ་དང་ཆབས་ཅིག“གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་འབྲེལ་གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་2∶3∶5ཡི་བསྡུར་གྲངས་གཞིར་བཟུང་ཡོང་འབབ་བགོ་བཤའ་བརྒྱབ་ཀྱི་ཡོད། 2018ལོའི་ཟླ་8པ་ནས་ད་བར་མཉམ་ལས་ཁང་གིས་ཁྱོན་ཡོང་འབབ་སྒོར་ཁྲི་70བཏོད་པ་ལས་ཞིང་འབྲོག་མང་ཚོགས་ཚོར་སྒོར་ཁྲི་49ལྷག་ཙམ་སྤྲད་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་21བཏོད་ཡོད།

    གླེང་མོལ་བྱེད་རིང་འཇམ་དཔལ་གཡུ་སྒྲོན་དང་ལས་རོགས་ཚོས་ཉིན་དེའི་ལས་སྣོན་གྱི་ལས་འགན་ལེགས་སྒྲུབ་ཟིན་ནས་ཞོའི་ཤོག་སྒམ་མཇུག་ཤོས་དེ་འཁྱགས་ཁང་དུ་བླུགས་རྗེས་ཚང་མ་དགའ་སྤྲོའི་ངང་འཁོར་ཁང་ནས་སྐད་ཆ་ཤོས་གྱིན་ཁྱིམ་ལ་ལོག

    གསེར་ལུང་མཉམ་ལས་ཁང་ནས་མངར་སིལ་ལྡན་པའི་ཞོའི་དྲི་ཞིམ་རླུང་ཕྱོགས་དང་བསྟུན་ནས་དྲི་འཛིན་དབང་པོར་རིམ་གྱིས་འཐུལ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།