2019ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན་ལ། མཛོ་སྒང་རྫོང་གི་དབུལ་སྒྲོལ་ཞྭ་འཕུད་ཀྱི་ལོ་ཞིག་ཀྱང་རེད། བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་གསལ། མཛོ་སྒང་རྫོང་ལ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དུད་ཚང་2715ཡི་མི་གྲངས་13454ཡོད་པ་དང་། 2019ལོའི་ཟླ་4ལྷག་ཙམ་འདས་ཟིན་པ་དང་དེ་བྱིངས་ཀྱི་དུས་ཚོད་ནང་མཛོ་སྒང་རྫོང་གིས་ཇི་ལྟར་བྱས་ཏེ་དབུལ་སྒྲོལ་ཞྭ་འཕུད་ཀྱིས“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ”ཐུབ་པ་བྱེད་རྩིས་ཡོད་དམ།
དེའི་ཐད་མཛོ་སྒང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་ཡུས་ལེས“དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཡག་པོ་རྒྱག་པར་མཛོ་སྒང་རྫོང་ཨུད་ཀྱིས་རྫོང་ཨུད་ཧྲུའུ་ཅིས་བཀོད་འདོམས་དཔོན་བྱས་པ་དང་རྫོང་དཔོན་དང་ལས་བགོས་འགན་ཁུར་གྱི་རྫོང་དཔོན་གཞོན་པས་རྒྱུན་ལས་བཀོད་འདོམས་པ་གཞོན་པ་བྱས་པའི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཙུགས་ནས་ནུས་ཆེའི་བཀོད་འདོམས་དང་རྫོང་ཡོངས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་ཡོད་པ་དང་། རྫོང་ཨུད་ཀྱི་རྒྱུན་ཨུས་དབུལ་སྐྱོར་གྱི་ཤང་འགན་གཙང་ལེན་པ་དང་། ཤང་གི་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་འགན་གཙང་ལེན་པ། གྲོང་ལྷན་གྱི་ཡིག་ཚགས་དཔྱད་ཡིག‘ལྔ་ཡིས་གཅིག་འགན་གཙང་ལེན་པ’དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གཙོ་གནད་ལས་འགན་གྱི་ཡིག་ཐོག་གསལ་ཐོའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ནས་མཉམ་ཤུགས་འགག་སྒྲོལ་གྱི་རྣམ་པ་ཞིག་ཆགས་པ་བྱས་ཡོད། རྫོང་ཨུད་ཀྱི་རྒྱུན་གཏན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་6གི་ནུས་པ་འདོན་སྤེལ་བྱས་ཏེ་ལྟ་སྐུལ་གྱིས་སྤྱོད་ཚུལ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ་དང་ལྟ་སྐུལ་གྱིས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཡོད་ཅེས་བརྗོད་ཀྱི་འདུག
ཐོན་ལས་ལ་དམ་འཛིན་བྱས་ཏེ་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩ་ཡིན་ཞིང་། ལི་ཡུས་ལེས་ཐོན་ལས་འཕེལ་རྒྱས་ཐད་མཛོ་སྒང་རྫོང་གིས“མཐོང་ཆེན་ལྔ”མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། ཐོན་ཁུངས་ཀྱི་ལེགས་ཆར་དོ་ཁུར་བྱས་ཏེ“སྣེ་འདྲེན་དཔེ་སྟོན་གྱི་སྐུལ་ཁྲིད”ནུས་པ་འདོན་སྤེལ་བྱས་ནས“ཀ་རྟེན་ཐོན་ལས་ཆེན་པོ་ལྔའི”བཀོད་ཇུས་ཆགས་པར་བྱས་པ་དང་། བོད་སྐྱོར་གྱི་ལེགས་ཆར་མཐོང་ཆེན་བྱས་ཏེ་ཞ་མོན་གྱི་ཁྲེང་ཀུང་ཧུང་ཁེ་ལས་ཚད་ཡོད་ཀུང་སིས་མུའུ་ཁྲིའི་རྒུན་འབྲུམ་གླིང་ལ་མ་འཇོག་གསར་སྤེལ་དང་ཨ་རག་བཟོ་གྲྭ་བསྐྲུན་རྒྱུ་ནང་འདྲེན་བྱས་ཡོད། དཔལ་འབྱོར་གྱི་ཕན་འབྲས་ལ་མཐོང་ཆེན་བྱས་ཏེ་ཞ་མོན་གྲོང་ཁྱེར་གྱི་ཞ་མོན་ཚོང་དོན་དང་། ཡུལ་སྐོར། ཡང་བའི་བཟོ་ལས། ཧའེ་དབྱི་བཅས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་4ཡིས་མཉམ་འབྲེལ་ཐོག“མཛོ་སྒང་རྫོང་གི་ཞ་ཁམས་དཔལ་འབྱོར་འཕེལ་རྒྱས་ཚད་ཡོད་ཀུང་སི”བཙུགས་ནས་དབུལ་སྐྱོར་ཐོན་ལས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཁྲོམ་ར་རྒྱ་ཆེར་བཏང་ཡོད། ཁེ་ཕན་གཅིག་སྦྲེལ་ལ་མཐོང་ཆེན་བྱས་ཏེ་དབུལ་སྐྱོར་ཐོན་ལས་ལ་བརྟེན་ནས་གྲངས་འབོར་ངེས་ཅན་ལྡན་པའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ལས་ཞུགས་སྔོན་དུ་ཐུབ་པ་བྱས་ནས“ཐོན་ལས་གཅིག་གིས་མང་ཚོགས་དབུལ་པོ་ཁག་གཅིག་དབུལ་སྒྲོལ་ཐུབ་པའི”འགན་ལེན་བྱས་ཡོད་ཅེས་བརྗོད་ཀྱི་འདུག
ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ཤོས་ཤིག་ཡིན་ཞིང་། ལི་ཡུས་ལེས་མཛོ་སྒང་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་ཐད“བརྟེན་པ་དྲུག་དང་། སྟབས་བདེ་ལྔ། གཡོལ་བ་གཉིས”བཅས་ཀྱི་ལས་ཀའི་བླང་བྱར་ནན་པོར་གཞིགས་ནས“ཁུལ་གཅིག་ལ་ས་ཚིགས་བཞིའི”ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྤྱི་ཡོངས་གཅིག་སྡུད་ཀྱི་བཀོད་ཇུས་ཀྱི་ཇུས་གཞི་བཏོན་པ་དང་། གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ལམ་318རྒྱུད་དུ་ཕྱོགས་བཞི་བཀྲ་ཤིས་གྲོང་གསར་དང་། ཡར་གྲོང་གྲོང་ཚོ། བྱེ་ཁུག་གྲོང་ཚོ་བཅས་ཀྱི་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གཙོ་གནད་ཐོག་བསྐྲུན་རྒྱུ་དང་ཡུལ་སྐོར་བྱེད་མང་བའི་ཞིང་ཆེན་ལམ་203རྒྱུད་དུ་བལ་ཐོག་གྲོང་ཚོ་དང་འོག་ཐང་གྲོང་ཚོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་གཙོ་གནད་ཐོག་བསྐྲུན་རྒྱུ། ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ཏེ་བཀོད་སྒྲིག་བྱ་ཡུལ་ཁག་ལ་ཐོན་ལས་རྣམ་གྲངས་ཉུང་མཐར་ཡང་གསུམ་བཞི་ལྷན་སྦྱར་བྱས་ནས་བཀོད་སྒྲིག་བྱ་ཡུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་སྣར་ལས་ཞུགས་ཀྱི་གོ་སྐབས་འདང་ངེས་ཡོད་པ་བྱས་ཡོད། རྫོང་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཚང་མ་བསྐྲུན་པ་དང་ཆབས་ཅིག་དུད་ཚང་1372ཀྱི་མི་གྲངས་6978ཀྱི་གནས་སྤོའི་ལས་འགན་སྔོན་དུ་ལེགས་སྒྲུབ་བྱས་ཡོད་ཅེས་བརྗོད་ཀྱི་འདུག
མཛོ་སྒང་རྫོང་གི་གནས་ཚུལ་མདོར་བསྡུས།
མཛོ་སྒང་རྫོང་ནི་རང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་44ཡི་གྲས་ཤིག་ཡིན་པ་དང་2015ལོར་དབུལ་པོར་འགྱུར་ཚད་23.11%ཟིན་ཞིང་། མིག་སྔའི་བར་མཛོ་སྒང་རྫོང་དུ་རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་1787གྱི་མི་གྲངས་8405ཉུང་དུ་ཕྱིན་པ་དང་། ཤང(གྲོང་རྡལ)4ཡི་སྲིད་འཛིན་གྲོང་ཚོ་86ཡོངས་རྫོགས་དབུལ་པོ་ནས་ཕྱིར་འཐེན་བྱས་ཏེ་དབུལ་པོར་འགྱུར་ཚད་10.16%བར་ཆག་པ་དང་འདི་ལོའི་ཟླ་8པའི་ཟླ་མཇུག་གོང་དབུལ་པོར་འགྱུར་ཚད3%བར་ཆག་པ་བྱས་ནས་དབུལ་སྒྲོལ་ཞྭ་འཕུད་ཀྱི་ཚད་གཞི་ལོན་པ་བྱེད་རྒྱུ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། མཛོ་སྒང་རྫོང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། “མཐོང་ཆེན་ལྔ་ལ་བརྟེན་ནས”ཐོན་ལས་ལ་དམ་འཛིན་བྱེད་པ། “ཟུང་འབྲེལ་གསུམ”ལ་བརྟེན་ནས་གནས་སྤོ་བྱེད་པ་སོགས་ཀྱི་དབུལ་སྐྱོར་བྱེད་ཐབས་གནད་ལ་འཁེལ་བ་བྱས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཧོ་ནན་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཞིང་ཆེན་དབར་ཕན་ཚུན་དཔྱད་བསྡུར་ཚོགས་ཆུང་གི་ཁས་ལེན་གང་ལེགས་ཐོབ་ཡོད་པ་རེད།