ཉེ་བའི་ལོ་ཤས་རིང་། སྙན་རོང་རྫོང་གིས་དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་ཟུང་དུ་འབྲེལ་ནས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འདོན་རྒྱུར་སྐུལ་ལྕག་བཏང་བས། ལས་བརྩོན་ཕྱུག་འགྱུར་དང་རང་འགུལ་ཆེ་བའི་ཕུལ་བྱུང་དཔེ་མཚོན་མང་པོ་ཐོན་པ་ཁོང་ཚོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་འགྲོ་ལམ་ཡངས་མོར་བསྐྱོད། སྙན་རོང་རྫོང་འཕྲིན་རྒྱ་ངལ་ནུས་ཀུང་སི་ཡང་དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་ཟུང་དུ་འབྲེལ་བའི་དཔེ་མཚོན་གསོན་ཉམས་ལྡན་པ་ཞིག་རེད།
ཐོག་མར་འཕྲིན་རྒྱར་འབྲོག་པའི་ཨར་སྐྲུན་རུ་ཁག་འཛུགས་སྐབས། ཉི་མ་ཤང་གི་ངལ་ནུས་གཞོན་དར་གྱི་སྣེ་ཁྲིད་ནས་ས་གནས་དེ་གའི་ཨར་སྐྲུན་ཁུལ་དུ་ཡོང་འབབ་གསོག་པར་བསྐྱོད་པ་ལས་འཕྲིན་རྒྱ་ངལ་ནུས་ཀུང་སི་ཐོག་མར་གྲུབ། སྙན་རོང་གི་རྫོང་དང་ཤང་རིམ་གཉིས་ཏང་ཨུད་དང་སྲིད་གཞུང་གིས་ཤེས་རྟོགས་ཐེངས་མང་བྱས་པ་བརྒྱུད། འཕྲིན་རྒྱའི་ངལ་ནུས་ཕྱིར་གཏོང་གི་དབུལ་སྒྲོལ་ཕྱུག་འགྱུར་རྣམ་པར་བྱེད་འཐུས་རང་བཞིན་དང་རྒྱུན་སྲིང་རང་བཞིན་ཆེན་པོ་ལྡན་ཡོད་པས། དུད་ཚང་དབུལ་པོ་མང་པོ་ཞིག་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་ཤེས་རྟོགས་བྱུང་། མ་གཞི་ངལ་ནུས་ཕྱིར་གཏོང་གི་འཁོར་རྒྱ་དང་གཉེར་སྐྱོང་རྒྱ་ཁྱོན་ཤང་ཞིག་ལས་མེད་ཀྱང་གལ་སྲིད་རྩ་འཛུགས་དེ་རྒྱ་ཆེ་རུ་བཏང་ནས། གཞི་ཁྱོན་ཇེ་ཆེ་དང་ཁྱབ་རྒྱ་ཇེ་ཆེར་བཏང་ཚེ། སྙན་རོང་རྫོང་ཧྲིལ་པའི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་འདེད་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུ་རེད། དེར་བརྟེན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྐྱེད་སྲིང་ཧུར་ཐག་བྱས་པ་དང་སྦྲགས། 2017ལོའི་ཟླ་4ཚེས་10ཉིན་སྙན་རོང་རྫོང་འཕྲིན་རྒྱ་ངལ་ནུས་ཀུང་སི་བཙུགས་པ་དང་། གཞུང་ལམ་སྐྱེལ་འདྲེན་དང་། ངལ་ནུས་ཕྱིར་གཏོང་། ཚ་ལ་རྒྱག་པ་སོགས་ཚུད་པའི་གཉེར་སྐྱོང་གཞི་ཁྱོན་ལྡན་ཡོད་པས། རྫོང་ཡོངས་ཀྱི་ངལ་ནུས་ལྷག་མར་སྤྱི་འདོམས་ཀྱིས་ལས་ཞུགས་ཕྱོགས་སྒྱུར་བྱེད་པའི་ལས་དོན་བརྒྱུད་ལྗོངས་ཡོངས་ཀྱི་ངལ་ནུས་ཕྱིར་གཏོང་ཀུང་སི་དང་པོ་དེ་ཆགས་རེ་བྱས།
ཀུང་སི་བཙུགས་ཟིན་ཡང་མིག་མདུན་གྱི་དཀའ་ངལ་ཆེ་ཤོས་ནི་ལས་མིའི་ངལ་རྩོལ་རྩལ་ནུས་གནད་དོན་ཡིན་ཞིང་། ངལ་ནུས་ཕྱིར་གཏོང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་མང་ཚོགས་ཀྱི་རྩལ་ནུས་བྱང་ཚད་མཐོ་རུ་གཏོང་ཕྱིར། འཕྲིན་རྒྱ་ངལ་ནུས་ཀུང་སིས་སྙན་རོང་རྫོང་ལས་ཞུགས་ཕྱོགས་སྒྱུར་སྡེ་ཚན་གྱི་གོང་འོག་སྦྲེལ་མཐུད་དང་ཕན་ཚུན་སྤེལ་རེས་བྱས་པའི་འོག རྣམ་པ་སྣ་ཚོགས་པའི་གསོ་སྦྱོང་ཐེངས་མང་བྱས་ཏེ་འབྲོག་པ་མང་ཚོགས་ཀྱིས་ལག་རྩལ་སྣ་གཅིག་དང་ལག་ཤེས་སྣ་གཅིག་ཁོང་དུ་ཏན་ཏིག་ཆུད་ཐུབ་པ་བྱས་ནས། མང་ཚོགས་ཀྱིས་དངོས་འབྲེལ་རྩལ་ནུས་དང་ལག་ཤེས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པར་བྱས། འཕྲིན་རྒྱའི་ངལ་ནུས་ཀུང་སིར་དམངས་ཡོངས་ཀྱིས་རྩལ་ནུས་སྦྱོང་བའི་རྣམ་པ་ཚ་ཚ་འུར་འུར་ཞིག་མངོན་ལ། འབྲོག་པ་མང་ཚོགས་ཁྲོད“ལག་གཉིས་དང་རྩལ་ནུས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར”གྱི་བསམ་བློ་བཙུགས་ཡོད།
རྩལ་ནུས་ལྡན་པ་དེ་སྤྱད་ནས་ལས་ཞུགས་ཇི་ལྟར་བྱེད་དགོས་མིན་དེ་ཡང་གནད་དོན་གལ་ཆེན་ཞིག་རེད། འོན་ཀྱང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རོགས་སྐྱོར་དང་སྐུལ་སྤེལ་འོག གནད་དོན་དེ་དེ་མུར་བསལ་ཐུབ་ནས“ཆ་རྐྱེན་གཅིག་མཚུངས་འོག་ས་གནས་དེ་གའི་ལས་མི་སྔོན་ལ་སྤྱོད་པའི”(ལྷག་པར་དུ་དུད་ཚང་དབུལ་པོ་ཡིན་པ)སྲིད་ཇུས་གཞིར་བཟུང་། ངལ་ནུས་ཕྱིར་གཏོང་གི་གཞི་ཁྱོན་ཆེ་རུ་སོང་ནས་ངལ་ནུས་ཀྱི་ཡོང་འབབ་ཐད་ཀར་འཕར་ཡོད།
2018ལོར་འཕྲིན་རྒྱ་ངལ་ནུས་ཀུང་སིས་ངལ་ནུས་མི་ཐེངས་2111ཕྱིར་གཏོང་བྱས་པར་ཡོང་འབབ་སྒོར་ཁྲི་3377.6ཟིན་ནས་མི་རེར་ཆ་སྙོམས་སྒོར་ཁྲི་1.6བྱུང་ཡོད།
ཨར་སྐྲུན་བྱེད་རིང་འཕྲིན་རྒྱ་ངལ་ནུས་ཀུང་སིས་ཕྱོགས་གཅིག་ནས་མི་སྤྱོད་ཚན་པ་དང་འབྲེལ་གཏུག་བྱས་ནས། ངལ་ནུས་གན་རྒྱ་འཇོག་ཚུལ་དང་། ལས་རྨས་འགན་བཅོལ་ཉོ་ཚུལ། གླ་ཕོགས་སྤྲོད་ཚུལ་སོགས་ལ་གྲོས་མོལ་བརྟག་དཔྱད་བྱས་ཏེ། འབྲོག་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཡོད།
འཕྲིན་རྒྱ་ངལ་ནུས་ཀུང་སི་བཙུགས་ནས་འཁོར་རྒྱུག་བྱས་ཚུན་དུ་སྲ་ཞིང་བརྟན་པའི་མང་ཚོགས་ཕྱུག་འགྱུར་གྱི་མཁར་རྫོང་ཞིག་བསྐྲུན་རྒྱུར་གཞོལ་ཞིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་ཚན་པའི་མཛུབ་སྟོན་དང་རོགས་རམ་འོག ལམ་སྲོལ་ཁག་འཐུས་སྒོ་ཚང་པོ་འཛུགས་པ་དང་། ཕྱུག་འགྱུར་གྱི་ལམ་བུ་དེ་བས་མང་བ་བཙལ་འཚོལ། ལག་རྩལ་འཇོན་ཐང་ཅན་དེ་བས་མང་བ་གསོ་སྐྱོང་བཅས་བྱས་ཐོག དུད་ཚང་དབུལ་པོ་དེ་བས་མང་བ་ངལ་ནུས་ཕྱིར་གཏོང་གི་ཚོགས་པ་དེའི་ནང་ཞུགས་རྒྱུའི་འབོད་སྐུལ་བྱས་ནས་དབུལ་སྒྲོལ་འབབ་འཕར་བྱུང་ཡོད།
འཕྲིན་རྒྱ་ཀུང་སིས་བརྒྱུད་མྱོང་བའི་འདས་པའི་ལམ་བུར་ཕྱིར་མིག་བལྟས་ཚེ། “གཞན་རྟེན་རྣམ་པའི”དབུལ་སྐྱོར་དེ་ཕུགས་འཕེར་གྱི་འཆར་གཞི་ཞིག་མིན་པར། “རང་རྟེན་རྣམ་པའི”དབུལ་སྐྱོར་དེ་དབུལ་སྒྲོལ་གྱི་ལམ་ཉག་ཅིག་དེ་ཡིན་པ་ཤེས་ཐུབ། འཕྲིན་རྒྱ་ངལ་ནུས་ཀུང་སིའི་དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་ཟུང་དུ་འབྲེལ་བའི་དོན་དངོས་ལས་ཕན་འབྲས་བཟང་པོ་ཐོན་ཞིང་། དྲིལ་བསྒྲགས་དང་སློབ་གསོ་ཐེངས་མང་བརྒྱབ་པ་བརྒྱུད་རྒྱ་ཆེའི་མི་འབོར་དབུལ་པོའི་ཁྲོད“ལས་བརྩོན་ཕྱུག་འགྱུར”གྱི་བསམ་བློ་བཙུགས་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པའི“བརྒྱུད་རོགས་ཁྲིད་གསུམ”གྱི་ནུས་པ་འདོན་སྤེལ་བྱས་ཡོད་པས། མི་འབོར་དབུལ་པོའི་དབུལ་སྒྲོལ་གྱི་བློ་སྟོབས་འཕེལ་བར་བྱས་ཡོད། བློ་སྐྱོར་གྱི་རྨང་གཞིའི་ཐོག་གསོ་སྦྱོང་དང་ཁྲིད་སྟོན་རབ་དང་རིམ་པ་བྱས་པ་བརྒྱུད་མང་ཚོགས་ཀྱིས་ལག་རྩལ་སྣ་གཅིག་ཁོང་དུ་ཏན་ཏིག་ཆུད་པ་དང་། ལག་ཤེས་ལ་བརྟེན་ནས་ཡོང་འབབ་བསགས་ཏེ་རིག་སྐྱོར་ཐུབ་པའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད།