དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་པ་སྣམ་རྫོང་གིས་ས་ཞིང་ནང་བཤུག་བཏང་བ་བརྒྱུད་ཞིང་པ་འབབ་འཕར་ཕྱུག་འགྱུར་བྱུང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-04-21

    བོད་ལྗོངས་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་ལྕོག་རོ་གྲོང་ཚོའི་གྲོང་མི་བགྲེས་སོང་དོན་གྲུབ་ཀྱིས་འདི་ལོ་སྡོད་ཁང་གསར་པ་བསྐྲུན་པ་རེད། གསར་འགོད་པ་ཁོང་གི་ཁྱིམ་དུ་སྐྱོད་སྐབས། ཁོང་ཉི་གཡབ་ཏུ་ཉི་མ་བསྲོས་ནས་ཇ་བསྲུབས་མ་འཐུང་བཞིན་འདུག ཡིན་ནའང་ལོ་ཁ་ཤས་གོང་དེ་ལྟར་མིན་པར་ཁོང་སྔར་བཞིན་ཞིང་ནང་དུ་ལས་ཀ་བྱེད་དགོས་ཀྱི་ཡོད།

    “ང་ཚོའི་ཁྱིམ་གྱི་ས་ཞིང་མུའུ་40ལ་ལོ་15ཡི་ནང་བཤུག་གན་རྒྱ་བཞག་ཡོད། ཐེངས་གཅིག་ལ་སྒོར་ཁྲི་90ལྷག་ཙམ་རག་གི་འདུག ད་ཆ་སྒོར་ཁྲི་60ལྷག་ཙམ་བཏང་ནས་ཟོག་འདྲེན་རླངས་འཁོར་གཅིག་དང་། ལྡུག་འཁོར་གཅིག ལམ་བཅག་འཕྲུལ་འཁོར་གཅིག སྒེར་འཁོར་གཅིག་བཅས་ཉོས་པ་དང་། འཁོར་རིགས་དེ་དག་བོགས་མར་བཏང་བ་ཁོ་ནར་ཟླ་རེར་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་ཡོང་གི་འདུག”ཅེས་དོན་གྲུབ་ཀྱིས་བརྗོད་ཀྱི་འདུག དེ་སྔ་དོན་གྲུབ་ཀྱིས“སྲོག་རྩ”ལྟ་བུར་བརྩིས་པའི་ས་ཞིང་དེ་ད་ཆ་དབུལ་སྒྲོལ་ཕྱུག་འགྱུར་གྱི“རྒྱུ་ནོར་དངོས”ལ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་གིས་མཉམ་སྡེབ་ཀྱི་རང་བདག་དབང་ཆ་དོན་འཁྱོལ་བྱེད་པ་དང་། ཞིང་དུད་འགན་གཙང་དབང་ཆ་བརྟན་དུ་གཏོང་བ། ས་ཞིང་གཉེར་སྐྱོང་དབང་ཆ་ལྷུག་ཏུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་པས་ཞིང་འབྲོག་མང་ཚོགས་དང་། ལྷག་དོན་དུ་ཐོན་སྐྱེད་གོང་འཕེལ་ཁྲོད་མང་ཚོགས་དབུལ་པོར་སྒྱུར་བཅོས་ཀྱི་ཕན་འབྲས་མཉམ་སྤྱོད་ཐུབ་ཡོད་པ་རེད།

    འདི་ལོ་ལོ་61ལ་སླེབས་པའི་དོན་གྲུབ་ནི་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཞིག་ཡིན་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཁོང་གི་ཕ་མེས་རྣམས་ལ་ས་ཞིང་བགོ་བཤའ་ཐོབ་ནས་ད་བར་ས་ཞིང་ཐོག་རྨོ་འདེབས་ལས་ལ་གཞོལ་ཞིང་། དོན་གྲུབ་ཀྱིས“སྐབས་དེ་དུས་ང་ཚོས་ས་ཞིང་རང་གི་སྲོག་རྩ་ལྟ་བུར་བརྩི་གི་ཡོད་ལ། མི་རབས་མང་པོས་ས་ཞིང་ཐོག་རྨོ་འདེབས་ཀྱི་ལས་ཀ་བྱེད་ཀྱི་ཡོད”ཅེས་བརྗོད་ཀྱི་འདུག

    དོན་གྲུབ་ཀྱིས“ཐོན་ཚད་དུད་ཚང་གིས་འགན་བླངས་རྗེས། ཁྱིམ་གྱི་མི་རེར་ས་ཞིང་མུའུ་8བགོ་བཤའ་ཐོབ་ནས་རང་ཁ་རང་གསོ་ཐུབ་པ་མ་ཟད། ད་དུང་འབྲུ་རིགས་དང་གཟན་རྩྭ་བཙོངས་ནས་ཡོང་འབབ་འགའ་གསོག་ཐུབ་པས་ཁྱིམ་ཚང་གི་འཚོ་བའི་འགྲོ་གྲོན་ཐག་གཅོད་ཐུབ་ཀྱི་འདུག”ཅེས་བརྗོད་ཀྱི་འདུག

    དེ་སྔོན་ཞིང་ལས་རྨོ་འདེབས་ཐོན་སྐྱེད་ཐད“རྨོན་མཛོ་དོར་སྦྲེལ”ལ་བརྟེན་དགོས་ཤིང་། 2010ལོ་ཚུན། པ་སྣམ་རྫོང་གིས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བྱེད་ཐབས་ནང་འདྲེན་དང་ཁྱབ་གདལ་གཏོང་འགོ་ཚུགས་ཏེ་ནས་ཞིང་གཙོ་བོར་བྱས་ཏེ་ནས་དང་། གྲོ སྲན་མ། པད་ཁ། སྔོ་ཚལ་སོགས་བཏབ་ཡོད། ནས་ཀྱི་ཁྲོམ་རའི་རིན་གོང་རིམ་གྱིས་མཐོ་རུ་ཕྱིན་པ་དང་ཞིང་ལས་མིན་པའི་ཡོང་འབབ་གསོག་པའི་ཐབས་ལམ་ཉུང་དུ་ཕྱིན་པའི་དབང་གིས་དོན་གྲུབ་ཀྱིས་ཞིང་ལས་ཁོ་ནར་བརྟེན་པ་ནི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཐབས་ཇུས་ཤིག་མིན་པ་གསལ་པོ་ཤེས་ཡོད།

    2018ལོར། རྫོང་དང་ཤང་གི་ལས་བྱེད་པའི་ཁྲིད་སྟོན་འོག་དོན་གྲུབ་ཀྱིས་ས་ཞིང་ནང་་བཤུག་གཏོང་རྒྱུའི་སེམས་ཐག་བཅད་ཅིང་། ཁོང་གིས“ས་ཞིང་ནང་བཤུག་བཏང་ནས་དངུལ་མང་པོ་དེ་འདྲ་བྱུང་སྐབས་ང་རང་སྐབས་ཤིག་རིང་ཧང་སངས་བྱུང་། ངས་དངུལ་དེ་དག་སྤྱད་ནས་ཕྲུ་གུ་སློབ་གྲྭར་གཏོང་བ་དང་། ཚོང་ཙག་ཅིག་རྒྱག་པ། ཟོག་འདྲེན་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བ་བཅས་བྱས་པ་ཡིན”ཞེས་བརྗོད་ཀྱི་འདུག

    དོན་གྲུབ་ཀྱིས་གཞན་ལ་བོགས་མར་བཏང་བའི་འཁོར་རིགས་དེ་དག་ལ་ལོ་གཅིག་ལ་ཁྱིམ་དུ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་རག་པ་འདི་ནི་ས་ཞིང་ནང་བཤུག་མ་བཏང་གོང་གི་ལྡབ་5ཡིན་པ་རེད།

    མིག་སྔར། པ་སྣམ་རྫོང་དུ་ས་ཞིང་ནང་བཤུག་བཏང་བའི་ཤང་གྲོང་5དང་སྲིད་འཛིན་གྲོང་ཚོ་16ཡོད་པ་དང་། རྫོང་ཡོངས་ཀྱི་ས་ཞིང་ནང་བཤུག་གི་རྒྱ་ཁྱོན་མུའུ་20894ཟིན་ཡོད།

    པ་སྣམ་རྫོང་དུ་ས་ཞིང་ནང་་བཤུག་བཏང་བའི་ཞིང་དུད་1000ལྷག་ཙམ་ཡོད་པ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་བྱུང་ཡོད། ས་ཞིང་ནི་འཚོ་གནས་ཀྱི“སྲོག་རྩ”མིན་པར་དེ་ནི་ཡོང་འབབ་འཕར་སྣོན་གྱི“རྒྱུ་ནོར་དངོས”ཡིན་པ་གནས་དེ་གའི་མང་ཚོགས་ཚོས་གསལ་པོ་རྟོགས་ཡོད། འདི་ནི་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་ལྕོག་རོ་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་དོན་གྱིས་བརྗོད་པ་བཞིན“དེ་སྔ‘དོ་སྣང་བྱེད་མཁན་མེད་པའི’ས་ཞིང་ད་ཆ‘འཁོར་རྒྱུག’བྱེད་པའི་མ་རྩར་གྱུར་ཡོད”ཅེས་པ་ལྟར་རེད། 

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།