དབུ་ཤོག>ཞིང་འབྲོག་གསར་པ།
  • འདོད་འཇོའི་བ་ཡི་འོ་མ་ལས། །ཕྱུག་འགྱུར་རྨི་ལམ་མངོན་འགྱུར་བྱུང་། །

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-12

    ཉེ་ཆར་གསར་འགོད་པ་ལྷུན་རྩེ་རྫོང“གཉལ་གཞུང”ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་ར་བར་སླེབས་སྐབས་གྲལ་སྒྲིག་པའི་འཁོར་ཁང་དང་། ཁམས་གཙང་བའི་སྒོ་ར། ཤ་ཤེད་རྒྱས་པའི་བཞོན་མ། ལས་བྲེལ་ཆེ་བའི་བཟོ་པ་བཅས་མིག་ལམ་དུ་རེ་རེ་བཞིན་མངོན།

    2017ལོར་འབྲོག་ལས་ཀྱི་ལེགས་ཆ་འདོན་སྤེལ་དང་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་ཆེད་ལྷུན་རྩེ་རྫོང་གིས་ལྷུན་རྩེ་གྲོང་རྡལ་ཉང་ག་གྲོང་ཚོར“གཉལ་གཞུང”ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་ར་བའི་རྣམ་གྲངས་ལག་བསྟར་བྱས་པ་རེད། ལོ་གཉིས་རིང་འཕེལ་རྒྱས་བཏང་བ་བརྒྱུད་གསོ་ཚགས་ར་བ་དེ་གཟན་ཆག་ལས་སྣོན་དང་། བཞོན་མ་གསོ་ཚགས། ཞིང་ལུད་ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་ཞིག་ཏུ་གྱུར་ཡོད་ལ། གྲོང་མི་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རམ་འདེགས་བྱེད་པའི་“མཆོག་ནོར”ཞིག་ཏུའང་གྱུར་ཡོད།

    གསར་འགོད་པས་གསོ་ཚགས་ར་བ་ནས་བཞོན་མ་ཚང་མར་ངལ་གསོ་རྒྱག་ས་དང་གཟན་རྩྭ་བཟའ་ས་ཡོད་པ་དང་། བཞོན་མ་རེ་རེ་བཞིན་གྲལ་སྒྲིག་ནས་གཟན་རྩྭ་ཟ་བཞིན་པ་མཐོང་བྱུང་།

    གསོ་ཚགས་བྱེད་པའི་བརྒྱུད་རིམ་ནང་བཞོན་མའི་ལྕི་བ་འཕྲུལ་ཆས་དང་སྒྲིག་ཆས་བརྒྱུད་ཐད་ཀར་སྙིགས་གཞོང་ནང་བླུགས་པ་དང་། སྲ་གཟུགས་དང་གཤེར་ཁུ་དབྱེ་འབྱེད་ལག་རྩལ་ལ་བརྟེན་ནས་དབྱེ་འབྱེད་བྱས་རྗེས་སྐྱེ་ལྡན་ཞིང་ལུད་ལས་སྣོན་བྱེད་ཀྱི་ཡོད། ཞིང་ལུད་དེ་དག་གཟན་རྩྭ་རྟེན་གཞི་དང་དེ་བཞིན་ལྷུན་རྩེ་རྫོང་གི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་རྣམ་གྲངས་ཀྱི་སྔོ་ཚལ་འདེབས་འཛུགས་ཐད་སྤྱད་པས་རྒྱུན་འཁོར་བདེ་སྤྱོད་ཐུབ་ཀྱི་ཡོད།

    འདི་ལོ་གསར་དུ་བསྐྲུན་པའི་འོ་འཇོའི་ཁང་པ་སྤྱོད་འགོ་ཚུགས་ནས་གཉེར་སྐྱོང་བྱས་རྗེས་ཐེངས་གཅིག་ལ་བཞོན་མ་50ཡི་འོ་མ་འཇོ་ཐུབ་ཀྱི་ཡོད་པས་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ་ཡོད།

    གསོ་ཚགས་ར་བའི་འགན་འཁུར་བ་ཟླ་བ་དབྱངས་ཅན་གྱིས“མིག་སྔར་ང་ཚོའི་གསོ་ཚགས་ར་བར་བཞོན་མ་700ལྷག་ཙམ་ཡོད་པ་དང་། དུད་ཚང་དབུལ་པོ་45དང་མཐོ་སློབ་སློབ་ཐོན་སློབ་མ་13ལ་འབབ་འཕར་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད། འདི་ལོ་ང་ཚོས་མུ་མཐུད་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ་བཞོན་མ་མགོ་གྲངས་1500གསོ་ཚགས་བྱས་ཏེ་གསོ་ཚགས་ར་བ་དེ་སྒྲིག་འཛུགས་ཡོད་པ་དང་། གཞི་ཁྱོན་ལྡན་པ། ཕན་ནུས་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་ཚན་རྩལ་མཐོ་བའི་གསོ་ཚགས་རྟེན་གཞི་ཞིག་ཏུ་འཕེལ་རྒྱས་བཏང་ནས་མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུའི་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།