མྱང་ཆུ་རྒྱུག་ཁུལ་དུ་གནས་པའི་པ་སྣམ་རྫོང་ལ“བོད་ཀྱི་འབྲུ་མཛོད”ཅེས་བརྗོད་ཀྱི་ཡོད། སྲོལ་རྒྱུན་དུ་ས་གནས་དེ་གའི་ཞིང་པས་ནས་དང་གྲོ་གཙོ་བོར་འདེབས་ཀྱི་ཡོད་པས་སྔོ་ཚལ་འདེབས་ཤེས་ཀྱི་མེད་ལ་སྤྱིར་ཟ་གི་འང་མེད། 1998ལོར་པ་སྣམ་རྫོང་སྲིད་གཞུང་དང་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པས་གྲོང་མི་ཚོར་འགྱིག་ཤོག་དྲོད་ཁང་ནང་སྔོ་ཚལ་འདེབས་རྒྱུའི་སྐུལ་སློང་བྱས་པ་དང་སྦྲགས། ཧྲན་ཏུང་ནས་ཞིང་པ་ལག་རྩལ་པ་30གདན་དྲངས་ཏེ་ཐོན་སྐྱེད་དང་ལག་རྩལ་གྱི་མཛུབ་ཁྲིད་བྱས་པ་དང་། ལག་རྩལ་པ་རེས་ས་གནས་དེ་གའི་ཞིང་པ་4རེའི་སྣེ་ཁྲིད་དེ་སྔོ་ཚལ་འདེབས་སྟངས་སློབ་པ་དང་སྦྲགས། ས་གནས་དེ་གའི་ཞིང་པར་འགྱིག་ཤོག་དྲོད་ཁང་དང་། ཚལ་སོན། ལག་རྩལ་སོགས་རིན་མེད་ངང་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་ལས་བོད་རིགས་ཞིང་པས་སྔོ་ཚལ་འདེབས་སྟངས་སྦྱོང་བའི་ཧུར་སེམས་ཆེས་ཆེར་འཕེལ་ཡོད་པ་རེད།
ལོ་20ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། ཀྭ་རིགས་དང་སྔོ་ཚལ་དེ་པ་སྣམ་རྫོང་གི་ཀ་རྟེན་ལྟ་བུའི་ཐོན་ལས་ཤིག་ལ་རིམ་བཞིན་གྱུར་པ་དང་སྦྲགས། ཐོན་ལས་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་ཡོད། པ་སྣམ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེང་ཧའོ་ཡིས། ད་ཆ་པ་སྣམ་རྫོང་གིས་མུའུ་ཁྲི་ཡི་སྐྱེ་ལྡན་ཀྭ་རིགས་དང་སྔོ་ཚལ་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་གནད་དུ་བྱས་ནས་2018ལོར་པ་སྣམ་རྫོང་གིས་ནུས་ཆེའི་འགྱིག་ཤོག་དྲོད་ཁང་མུའུ་4200གསར་སྐྲུན་བྱས་པ་དང་། འདི་ལོ་འདེབས་ཁྱོན་མུའུ་ཁྲི་1ལས་བརྒལ་ནས་ཐོན་ལས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4ཟིན་པ་བྱ་རྩིས་ཡོད་ཅེས་ངོ་སྤྲོད་བྱས།
སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་། ནང་སའི་ཚན་ཞིབ་སྒྲིག་གཞི་དང་མཉམ་ལས་བཅས་བྱས་ཏེ་ཚན་རྩལ་གྱི་འདེགས་སྐྱོར་གཏོད་རྒྱུ་ནི་པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི“མཆོག་ནོར”ཆེན་པོ་གསུམ་ཡིན་པ་རེད། ཞིབ་ཕྲའི་བྱ་ཐབས་ལག་བསྟར་བྱེད་པའི་ཐད། པ་སྣམ་རྫོང་གིས“སྣེ་འདྲེན་ཁེ་ལས་དང་། ཐོན་སྐྱེད་རྟེན་གཞི། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་སྤྱད་ཡོད། ཁྲེང་ཧའོ་ཡིས་པ་སྣམ་གྱིས་ཚོང་འགུགས་མ་འདྲེན་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱེད་པ་དཔེར་ན། ཀྲུང་ནུང་ཧྲེང་ཡུས་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་དང་ཧྲན་ཏུང་ཧྲོའུ་ཀོང་ཞིང་ལས་མ་རྐང་ཚད་ཡོད་ཚོགས་པ་སོགས་ཁེ་ལས་ཀྱིས་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་བཙུགས་ནས་ས་གནས་དེ་གའི་ཞིང་པ་ཐོན་ལས་ཀྱི་བཟོ་པར་གྱུར་ཡོད་ཅེས་བཤད་པ་རེད།
རིང་ཚད་སྨི་300དང་ཞེང་ཚད་སྨི་20ཡོད་པའི་ཉི་འོད་ཀྭ་རིགས་དང་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ནང་ཧོང་ཀྭ་དང་། འབྲི་ཏ་ས་འཛིན། གྲོ་མ་སོགས་སྔོ་ཚལ་དང་ཀྭ་རིགས་མི་འདྲ་བ་འདེབས་ཀྱི་ཡོད། ས་གནས་དེ་གའི་ཞིང་པ་ཕན་ཐོགས་དེ་གར་ལས་ཀ་བྱས་ནས་ལོ་3ལྷག་ཙམ་ཕྱིན་པ་དང་། ལས་ལ་བརྩོན་ཞིང་ལག་རྩལ་སྦྱོང་རྒྱུར་དགའ་བའི་ཁོང་ལ་ཟླ་རེར་གླ་ཕོགས་སྒོར་5000ཡོད་པ་དེ་དག་དེ་སྔ་ཁྱིམ་དུ་ཞིང་ལས་བྱས་ནས་ལོར་ཡོང་འབབ་སྒོར་10000ཙམ་ཡོད་པ་ལས་ཧ་ཅང་གི་མང་བ་ཡོད་པ་རེད། ཁོང་གིས“ཡོང་འབབ་ཡག་པོ་འདུག གཙོ་བོ་ང་རང་གིས་དེང་རབས་ཞིང་ལས་ལག་རྩལ་དང་ཞིང་ལས་གཉེར་སྐྱོང་གི་ཉམས་མྱོང་དང་གཡོག་བྱེད་སྟངས་ཤེས་བྱུང”ཞེས་བཤད།
བསམ་བློར་འགྱུར་ལྡོག་བཏང་རྗེས། སྔོན་ཆད་ཀྱི་ས་ཞིང་ཐོག་འབྲས་བུ་སྣ་ཚོགས་བཏགས། སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་མ་བཏང་གོང་། བན་ཚང་གྲོང་ཚོའི་གྲོང་མིས་ནས་འདེབས་པ་དང་ཕྱུགས་རིགས་གསོ་རྒྱུ་དཔལ་འབྱོར་གྱི་ཡོང་འབབ་གཙོ་བོར་བྱེད་པ་ལས་སྔོ་ཚལ་འདེབས་རྒྱུ་བསམ་བློར་འཁོར་མྱོང་མེད། བན་ཚང་གྲོང་ཚོ་གཞུང་ལམ་གྱི་འགྲམ་དུ་གནས་ཡོད་པས་2002ལོར་རྫོང་སྲིད་གཞུང་གིས་གྲོང་ཚོ་དེ་སྔོ་ཚལ་འགྱིག་ཤོག་དྲོད་ཁང་གི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་གཏོང་བའི་དཔེ་སྟོན་གྲོང་ཚོར་གཏན་འཁེལ་བྱས།
དེ་སྔའི་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་དབང་འདུས་ཀྱིས། “སྐབས་དེ་དུས་སྔོ་ཚལ་འདེབས་རྒྱུ་དེ་གྲོང་མི་ཚོའི་ངོས་ནས་བརྗོད་ན་གནད་དོན་གསར་པ་ཞིག་རེད། གྲོང་མི་ཚོས་ཚད་ཡོད་ཀྱི་ས་ཆར་སྔོ་ཚལ་བཏབ་རྗེས་འབྲུ་རིགས་འདང་ཨེ་མྱོང་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད། དོན་དངོས་ཐོག་སྔོ་ཚལ་བཏབ་པའི་ཡོང་འབབ་དེ་ནས་བཏབ་པ་ལས་ཧ་ཅང་གིས་མང་བ་འདུག གྲོང་མི་ཚོར་ཡོང་འབབ་མི་དམན་པ་རག་རྗེས་གཞི་ཁྱོན་ཆེ་བའི་སྔོ་ཚལ་འདེབས་རྒྱུ་ཁྱབ་གདལ་བཏང་། 2011ལོར་སྔོ་ཚལ་ཐོན་ལས་ཀྱི་སྐུལ་སློང་འོག་བན་ཚང་གྲོང་ཚོ་འདི་ཉིད་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལས་བརྒལ་བའི་གྲོང་ཚོ་དང་པོ་དེར་གྱུར་ཡོད”ཅེས་བཤད།
ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་པ་སྣམ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་ཅུས་ཀྲེང་ཅང་གིས་པ་སྣམ་རྫོང་གིས་རྒྱལ་ཡོངས་སུ“རྣམ་བཀྲའི་ཞིང་ཁམས། སྐྱེ་ལྡན་པ་སྣམ”ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་བཞིན་ཡོད་པ་དང་། 2020ལོར་སླེབས་སྐབས་རྫོང་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་17ལས་བརྒལ་རྒྱུ་དང་མང་ཚོགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་4.25མང་དུ་འགྲོ་རྒྱུ་རེད། མིག་སྔར། ས་གནས་དེར“རྒྱལ་ཡོངས་ཀྱི་སྔོ་ཚལ་ཧྲོའུ་ཀོང་ལ་བལྟ། བོད་ཀྱི་སྔོ་ཚལ་པ་སྣམ་ལ་བལྟ”ཞེས་པའི་ཐུན་མོང་གི་ངོས་འཛིན་གྲུབ་བཞིན་ཡོད་ཅེས་བཤད།
(《འོད་ཟེར་ཉིན་རེའི་ཚགས་པར》གྱི་2019ལོའི་ཟླ་4ཚེས་7ཉིན་གྱི་པར་ངོས་གཉིས་པ་ལས་བརྒྱུད་འགོད་བྱས་པ)