དབུ་ཤོག>ཞིང་འབྲོག་གསར་པ།
  • ཀླུ་ནང་གི“དྲ་ཐོག་སྐད་གྲགས་ཆེ་བའི་ཨ་ཁུ”ཚོང་ལ་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཅང་ཧྥུང་།   |     སྤེལ་དུས།  2019-04-01

    ཐབ་ཚང་དུ་འཛུལ་ཏེ་རྡོ་ཁོག་བྱ་ཤའི་མེ་ཆེ་ཆུང་ལ་ལྟ་བ་དང་། ཐོག་ཁར་འཛེགས་ཏེ་འགྲུལ་ཁང་ལ་གཙང་སྦྲ་བྱེད་པ། ལས་སྟེགས་ཀྱི་མདུན་དུ་བསྐྱོད་དེ་གློག་ཀླད་དུ་མངགས་ཐོ་གསར་པར་ལྟ་བ་བཅས་ཉིན་གུང་སླེབས་མཚམས་བར་ལྷག་པ་ཚེ་རིང་བྲེལ་གྱིས་ཁེངས།

    ཁོང་ནི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱི“དྲ་ཐོག་སྐད་གྲགས་ཆེ་བའི་ཨ་ཁུ”རེད།

    ལོ་8གོང་ཕ་ཚ་བུ་རྒྱུད་ཚང་མ་འབྲོག་པ་ཡིན་པའི་ལྷག་པ་ཚེ་རིང་ལ་རང་ཉིད་འབྲོག་ལས་བསྐྱུར་ནས་སྦྱིན་བདག་ཅིག་ཏུ་འགྱུར་སྲིད་སྙམ་པ་བསམ་པའི་ཡུལ་ལའང་མེད།

    རྒྱལ་ལམ་318ཀྱི་འགྲམ་དུ་གནས་ཡོད་པས་སྲིད་གཞུང་གིས་ཁོང་ཚོར་ཡུལ་སྐོར་ལས་རིགས་གཉེར་རྒྱུའི་མཛུབ་ཁྲིད་བྱས། “སྔོ་ཞིང་དྭངས་བའི་རི་ཆུ་ལས་ཡོང་འབབ་གསོག་ཐུབ་བམ”ཡིད་ཆེས་ལ་མ་ཆེས་བྱེད་པའི་ལྷག་པ་ཚེ་རིང་ཁོང་2011ལོར་གྲོང་རྡལ་དེའི་བཟའ་བཏུང་ལས་རིགས་གཉེར་མཁན་ཁག་དང་པོར་གྱུར། “དང་ཐོག་ལམ་དེ་བརྒྱུད་མཁན་ཁ་ལོ་བར་སྟབས་བདེའི་ཁ་ལག་བཟོ་གི་ཡོད། ཕྱིས་སུ་ཡུལ་སྐོར་བ་མང་དུ་ཕྱིན་ནས་སྟབས་བདེའི་ཁ་ལག་གིས་འདོད་པ་སྐོང་མི་ཐུབ་སྟབས། ང་ཚོས་ཡུལ་འདིའི་ཁྱད་ཆོས་ལྡན་པའི་རྡོ་ཁོག་བྱ་ཤ་བཟོས་པ་ཡིན”ཞེས་ཁོང་གིས་བཤད།

    ལོ་8སོང་རྗེས། ཀླུ་ནང་གི་རྡོ་ཁོག་བྱ་ཤ་སྤུས་རྟགས་སུ་གྱུར་པ་དང་ལྷག་པ་ཚེ་རིང་ཡང་ཀླུ་ནང་གྲོང་རྡལ་གྱི་བཟའ་བཏུང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་གྱུར་ཡོད། ལོ་42ལ་སླེབས་པའི་ཁོང་གིས་ན་ནིང་ཐོག་གསུམ་མའི་བོད་བཟོའི་ཁྱིམ་ཚང་མགྲོན་ཁང་ཞིག་བརྒྱབ་པ་དང་། ཐོག་སོ་དང་པོར་ཟ་ཁང་གཉེར་བ་དང་ཐོག་སོ་གཉིས་པ་དང་གསུམ་པར་འགྲུལ་ཁང་གཉེར་ཡོད། འགྲུལ་ཁང་ཆེ་ཆུང་24ཡོད་པ་དག་ལས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་50ཙམ་ཡོང་གི་ཡོད། “འདིར་ཡོང་མཁན་འགྲུལ་པ་ཧ་ཅང་མང་བ་དང་ཚོང་ཡག་ཤོས་སྐབས་སུ་ཁང་པའང་རག་གི་མེད”

    སྣོད་བཅུད་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་སྟེ་འབྲོག་པ་མང་ཚོགས་ལ་མཛུབ་ཁྲིད་དང་གསོ་སྦྱོང་བྱས་ནས་བཟའ་བཏུང་དང་། འགྲུལ་ཁང་། ཡུལ་སྐོར་ཞབས་ཞུ་བཅས་གཉེར་བ་བརྒྱུད། ཉིང་ཁྲིས་དབུལ་སྒྲོལ་འབབ་འཕར་གྱི་ལམ་བུ་གསར་པ་ཞིག་ཏུ་སྐྱོད་བཞིན་ཡོད་པ་དང་ཀླུ་ནང་ནི་དཔེ་མཚོན་ཡག་ཤོས་ཤིག་རེད།

    ལྷག་པ་ཚེ་རིང་དང་འདྲ་བར་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་བཀྲ་ཤིས་ཕུན་ཚོགས་ཀྱང་དྲ་ཐོག་ཏུ་སྐད་གྲགས་ཆེན་པོ་ཡོད།

    ཕྱི་དྲོར་ཨ་ཁུ་ཕུན་ཚོགས་ཀྱི་ཁྱིམ་དུ་སླེབས་སྐབས་གསར་འགོད་པར་པེ་ཅིང་གི་ཡུལ་སྐོར་བ་ཀྲའོ་ལགས་ཕྲད་བྱུང་། “ལོ་བཅུའི་གོང་ནས་ངས་ཨ་ཁུ་ཕུན་ཚོགས་ངོ་ཤེས་ཀྱི་ཡོད། ང་འདིར་ཐེངས་ལྔ་དྲུག་ཙམ་སྡོད་མྱོང་ཡོད”ཅེས་ཀྲའོ་ལགས་ཀྱིས་བཤད།

    གཡབ་ཤེལ་དང་བོད་བཟོའི་ཁྱིམ་ཆས་གང་དགོས་དེ་འཛོམས་ཡོད་པ། གཙང་ལ་དཀར་ཆ་དོད་པ་བཅས་ཀྲའོ་ལགས་ཀྱིས་ཨ་ཁུ་ཕུན་ཚོགས་ཁྱིམ་གྱི་འགྱུར་ལྡོག་ལ་ཧང་སངས་ཤིང་། “ཁང་པ་གསར་པ་བརྒྱབ་འདུག གྱོང་པོ་བྱུང”ཞེས་བཤད། “སྲིད་གཞུང་གིས་ང་ཚོར་ཞབས་འདེགས་ཆུ་ཚད་མཐོ་རུ་གཏོང་བར་ལྕག་སྐུལ་བྱེད་ཀྱི་འདུག དེ་སྔའི་ཁང་པ་ཆུང་དྲག་འདུག ཀྲའོ་ལགས། ངས་ཁྱེད་ལ་རྡོ་ཁོག་བྱ་ཤ་བཟོས་ཡོད”ཅེས་ཨ་ཁུ་ཕུན་ཚོགས་ལགས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད།

    ཀླུ་ནང་གྲོང་རྡལ་དུ་སྲིད་འཛིན་གྲོང་ཚོ་8དང་ཞིང་འབྲོག་པ་དུད་ཚང་272ཡོད། མིག་སྔའི་བར་ཁྱིམ་ཚང་མགྲོན་ཁང་116ཡོད་པ་དང་ཉལ་ཁྲི་2287ཡོད་ཅིང་། ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་7.08ལ་སྣེ་ལེན་ཞུས་པ་དང་ཡོང་འབབ་སྒོར་ཁྲི་803.72བྱུང་ཡོད། ཡུལ་སྐོར་ཞབས་ཞུར་ཞུགས་པའི་ཞིང་འབྲོག་མང་ཚོགས་580ལྷག་ཙམ་ཡོད་པ་དང་ཡོང་འབབ་སྒོར་ཁྲི་340བྱུང་ཡོད། 2018ལོར་ཀླུ་ནང་གྲོང་རྡལ་གྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21112.5ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།