དབུ་ཤོག>ཞིང་འབྲོག་གསར་པ།
  • ཀོ་ཆས་བཟོ་མཁན་ཚེ་རིང་དོན་གྲུབ་ཀྱི་ཕྱུག་འགྱུར་ལམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-31

    བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་དུ་ཁྱིམ་མཚེས་ཀུན་གྱིས་ངོ་ཤེས་པའི་མི་བཟང་པོ་ཞིག་ཡོད་པ་ནི་ཀོ་ཆས་བཟོ་མཁན་ཚེ་རིང་དོན་གྲུབ་ཡིན།

    གསར་འགོད་པ་བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་དབུ་རྩེ་ཀོ་ཆས་ཆེད་ལས་མཉམ་ལས་ཁང་དུ་ཡོང་བ་དང་དེའི་སྦྱིན་བདག་ཚེ་རིང་དོན་གྲུབ་ཀྱིས་དེ་མ་ཐག་གསར་འགོད་པར་རང་ཉིད་ཀྱི་མཉམ་ལས་ཁང་གི་གནས་ཚུལ་ངོ་སྤྲོད་བྱས།

    མཉམ་ལས་ཁང་གི་འགྲམ་དུ་སླེབས་སྐབས་ཁང་པའི་ཕྱིར་བུད་མེད་ཁག་གཅིག་མཉམ་དུ་བསྡད་དེ་ལག་ཏུ་ཁབ་སྐུད་འཁྱེར་ནས་ལས་ལ་བྲེལ་བཞིན་མཆིས། ཁང་པའི་ནང་འཚེམ་འཁོར་གྱི་སྒྲས་འུར་འུར་ཁེངས་བཞིན་འཚེམ་དངོས་སྣ་ཚོགས་ཐོན་བཞིན་ཡོད།

    ཁོང་གི་མི་ཚེའི་ཉམས་མྱོང་སྐོར་གླེང་སྐབས་ཚེ་རིང་དོན་གྲུབ་ཀྱིས“ངས་ཉམ་ཐག་དབུལ་ཕོངས་ཀྱི་འཚོ་བ་སྐྱེལ་མྱོང་ཡོད་ལ་འུ་ཐུག་ཐབས་ཟད་ཀྱི་འཚོ་བའང་སྐྱེལ་མྱོང་ཡོད། འོན་ཀྱང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ལྕག་སྐུལ་འོག་ངས་འབྱུང་འགྱུར་ལ་བཅངས་པའི་ཡིད་ཆེས་དང་ཕུགས་འདུན་བཟང་པོ་གཏན་ནས་དོར་མྱོང་མེད”ཅེས་བརྗོད།

    1997ལོའི་དབྱར་ཁ་ཞིག་ལ་ཚེ་རིང་དོན་གྲུབ་ལ་ནང་སའི་བོད་ལྗོངས་འཛིན་གྲྭར་ཚུད་པའི་བརྡ་ཐོ་འབྱོར་ཡོད། འོན་ཀྱང་ཨ་མའི་རྣམ་འགྱུར་ལས་ཚེ་རིང་དོན་གྲུབ་ལ་འགྲོ་སོང་གང་ཡང་གཏོང་མི་ཐུབ་པ་རྟོགས།

    དེར་བརྟེན་ཕ་མར་བསྙེན་བཀུར་ཆེ་བའི་ཚེ་རིང་དོན་གྲུབ་ཀྱིས་སློབ་སྦྱོང་བྱེད་པའི་གོ་སྐབས་དོར་ནས་སྤོ་ལགས་ཀྱི་ས་ནས་ཀོ་ཆས་འཚེམ་བཟོའི་ལག་ཤེས་བཟོ་རྩལ་སྦྱོང་འགོ་བཙུགས་ཏེ་གནའ་བོའི་ཀོ་ཆས་བཟོ་བའི་ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་པ་མི་རབས་དྲུག་པ་བྱས། འོན་ཀྱང་སྐབས་དེར་ཀོ་ཆས་ཐོན་ཟོག་ཁྲོམ་རར་བྲིན་ཁ་རྒྱུག་པོ་དེ་ཙམ་མེད་པར་བརྟེན་ཁོང་གིས་ལག་ཤེས་བཟོ་རྩལ་དེ་དོར་རྩིས་བྱས་ཡོད།

    2008ལོར་ཚེ་རིང་དོན་གྲུབ་ཀྱི་བུ་ལ་གློ་བུར་དུ་མཁལ་མ་གཉིས་ལ་རྡོ་ཆགས་པའི་ནད་ཕོག་ཡོད། གློ་བུར་དུ་བྱུང་བའི་ལུས་སེམས་གཉིས་ཀྱི་ཁུར་པོ་ལྕི་པོ་དེས་མ་གཞི་ནས་དབུལ་པོ་ཡིན་པའི་ཁྱིམ་ཚང་དེའི་ཁུར་པོ་སྔར་བས་ལྕི་རུ་སོང་ཡོད།

    དཀའ་ངལ་སྣ་ཚོགས་འཕྲད་སྐབས་ཚེ་རིང་དོན་གྲུབ་ཀྱིས་རང་ཉིད་ཁྱིམ་ཚང་གི་ཀ་བ་ལྟ་བུ་ཡིན་པས་ཁྱིམ་ལ་དཀའ་ངལ་འཕྲད་སྐབས་ངེས་པར་དུ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་དགོས་པ་གསལ་པོ་རྟོགས་ཡོད། “སྐབས་དེར་ཁྱིམ་གྱི་ཞིང་ལས་ཚར་རྗེས་ལམ་བཟོ་རུ་ཁག་ནང་འཛུལ་ནས་ཡོང་འབབ་གསོག་པར་བསྐྱོད་པའམ་ཡང་ན་གང་དུ་ཁང་པ་རྒྱག་པ་དེ་གར་བསྐྱོད་དེ་ཡོང་འབབ་བསགས་ནས་བུའི་སྨན་བཅོས་བྱེད་པའི་སྨན་རིན་སྤྲོད་པ་དང་ཁྱིམ་ཚང་གི་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད”

    དཀའ་སྤྱད་འབད་འབུངས་བྱས་སྟབས་འཚོ་བ་ལེགས་བཅོས་བྱུང་ཞིང་། འོན་ཀྱང་ཚེ་རིང་དོན་གྲུབ་ཀྱིས་ད་ཡོད་གནས་ཚུལ་ལ་ཡིད་ཚིམ་ནས་མི་སྡོད་པར་རྒྱུན་དུ་ཇི་ལྟར་བྱས་ཏེ་ཡོང་འབབ་བསགས་ནས་ཁྱིམ་མི་ཚོ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་རྒྱུའི་ཐད་བསམ་བློ་ཞིབ་ཕྲ་གཏོང་གི་ཡོད།

    སྐབས་དེར་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིས་གཏམ་བཟང་ཞིག་འཁྱེར་ཡོད་པ་ནི། བཞད་མཐོང་སྨོན་རྫོང་མི་སྤྱི་ཅུས་ཀྱིས་རྩལ་ནུས་གསོ་སྦྱོང་གི་བྱེད་སྒོ་སྤེལ་ནས་ཕྱུག་འགྱུར་ལས་གཏོད་ཀྱི་རྩལ་ནུས་གོང་མཐོར་བཏང་བ་བརྒྱུད་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་གོང་འཕེལ་གཏོང་རྒྱུ་ཡིན་པ་དེ་རེད། གཏམ་བཟང་དེ་ཐོས་རྗེས་ཚེ་རིང་དོན་གྲུབ་དགའ་སྤྲོ་དཔག་མེད་སྐྱེས་ནས་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་ཧུར་ཐག་ཞུགས་པ་རེད།

    “སློབ་སྦྱོང་བྱས་པ་བརྒྱུད་ངའི་ཤེས་རྒྱ་ཆེ་རུ་དང་མིག་རྒྱང་རིང་དུ་ཕྱིན་པ་དང་ཆབས་ཅིག་ང་ཚོའི་ཁྱིམ་ཚང་གི་མི་རབས་ཀྱིས་རྒྱུད་འཛིན་བྱས་པའི་སྲོལ་རྒྱུན་གྱི་བོད་བཟོའི་ཀོ་ཆས་དང་ཀོ་རྒྱན་བཟོ་བའི་བཟོ་རྩལ་དེ་དེང་རབས་ཀྱི་ཀོ་ཆས་བཟོ་བའི་བཟོ་རྩལ་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ་བཟོ་རྩལ་གྱི་ཆུ་ཚད་གོང་མཐོར་བཏང་ཡོད”ཅེས་ཚེ་རིང་དོན་གྲུབ་ཀྱིས་དྲན་གསོ་བྱས་ནས་བརྗོད།

    2015ལོར་གྲོང་ཚོར་སླེབས་སྐབས། ཚེ་རིང་དོན་གྲུབ་ལ་གྲོང་ཚོ“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་ལས་གཏོད་ཕྱུག་འགྱུར་གྱི་འཇོན་ཐང་ཅན་སྒྲིག་འཛུགས་བྱས་ཏེ་བཞད་མཐོང་སྨོན་རྫོང་བཞད་མཐོང་སྨོན་ཤང་དབུ་རྩེ་ཀོ་ཆས་ཆེད་ལས་མཉམ་ལས་ཁང་དངོས་སུ་ཐོ་བཀོད་ནས་བཙུགས་པ་དང་། ལས་སྒོ་གཙོ་བོ་དེ་ཀོ་ཆས་དང་། ཀོ་བའི་ལྟོ་ཕད། ཀོ་རྒྱན་བཟོ་བ་དང་ཕྱིར་ཚོང་བྱ་རྒྱུ་དེ་རེད། ད་ཆ་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འབྲེལ་ཡོད་ཚན་པའི་ཐུགས་ཁུར་འོག མཉམ་ལས་ཁང་འདི་ཉིད་ལས་བཟོ་25ཡོད་པ་དང་ལོའི་ཁེ་སྤོགས་སྒོར་ཁྲི་12ཟིན་པ་མ་ཟད་ཐོན་ཟོག་གཏན་འཇགས་འཚོང་ཡུལ་ཡོད་པའི་ཕུལ་བྱུང་གི་མཉམ་ལས་ཁང་ཞིག་ཏུ་གྱུར་ཡོད།

    ཕྱུག་པོ་ཆགས་པའི་ཚེ་རིང་དོན་གྲུབ་ཀྱིས་རང་ཉིད་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད་པ་དེ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་གསལ་པོ་ཤེས་ཀྱི་ཡོད། མཉམ་ལས་ཁང་ཚད་ལྡན་དུ་གྱུར་རྗེས་ཚེ་རིང་དོན་གྲུབ་ཀྱིས་རང་འགུལ་ངང་གྲོང་ཚོ་ཨུ་ལྷན་ལ་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་ཁག་གཅིག་བསྡུས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཏང་གི་བྱ་གཞག་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་འདུན་ཞུས་ཡོད།

    “དེ་གར་ང་ལ་སྦྱོང་བརྡར་ཡག་པོ་ཐེབས་ཏེ་གཅིག་ནས་ལག་ཤེས་བཟོ་རྩལ་ཁོང་དུ་ཆུད་པ་མ་ཟད་ད་དུང་ཡོང་འབབ་མི་དམན་པ་བྱུང་། དེ་གར་ལས་ཀར་ཞུགས་པ་ནས་བཟུང་ངའི་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་སོང་ནས་དབུལ་ཞྭ་ཡང་འབུད་ཐུབ་པ་བྱུང”ཞེས་བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་གི་མང་ཚོགས་ཉི་མ་བཀྲ་ཤིས་ཀྱིས་གསར་འགོད་པར་བརྗོད་བྱུང་།

    ད་ཆ་ཆེད་ལས་མཉམ་ལས་ཁང་འདི་ཉིད་མཐོང་སྨོན་ཤང་གི་དབུལ་སྒྲོལ་བྱེད་མཁན་གྲགས་ཅན་དུ་གྱུར་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་15ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་རོགས་དང་དུས་མཚུངས་དུད་ཚང་དབུལ་པོ་སྔར་བས་མང་བ་དབུལ་སྒྲོལ་ཡོང་བར་རོགས་རམ་གང་ཐུབ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།