“སྤུ་ཧྲེང་། བདེ་སྐྱིད་ལྡན་པའི་སུམ་རྩེན། ཏང་གི་དྲོ་སྐྱིད་ཉི་མའི་འོད་ཟེར་འདྲ། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། མེས་རྒྱལ་གྱི་མཐའ་མཚམས་སྲུང་། སྤུ་ཧྲེང་བཀྲ་ཤིས་པའི་ཁྱིམ་གཞིས། ཏང་གི་གཟི་བྱིན་ཕྱོགས་བཞིར་འཕྲོ། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། མཛེས་སྡུག་ལྡན་པའི་ཕ་ཡུལ་སྐྲུན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན། ཏང་ལ་བསྟོད་གླུ་འབུལ”སྤུ་ཧྲེང་རྫོང་གི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་འདུ་ཚོགས་ལ་ལོ་50ལ་སླེབས་པའི་རྟ་མགྲིན་ལྷ་བཟང་གིས་རོལ་དབྱངས་ཚོགས་པའི་སྣེ་ཁྲིད་དེ་འཁྲབ་གཏོང་བྱས་པའི《དུས་རབས་གསར་པའི་བསྟོད་གླུ》ལ་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
སྙན་འཇེབས་ལྡན་པའི་གཞས་གདངས་དང་། ཚིག་དོན་ཟབ་པའི་གཞས་ཚིག་དེ་ནི་སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་པའི་རྟ་མགྲིན་ལྷ་བཟང་གིས་གཞས་གདངས་དང་གཞས་ཚིག་བརྩམས་ནས་བླངས་པའི་ལེ་ཚན་ཞིག་ཡིན་པ་སུས་ཀྱང་བསམ་བློར་འཁོར་མི་སྲིད།
རྟ་མགྲིན་ལྷ་བཟང་ནི་སྤུ་ཧྲེང་དུ་སྐྱེས་པ་དང་ཆུང་དུས་ནས་རོལ་དབྱངས་ལ་དགའ་པོ་ཡོད་པ་རེད།
ཁོང་གིས་དཀྲོལ་ཤེས་པའི་རོལ་ཆ་དང་པོ་ནི་གླིང་བུ་ཡིན་པ་དང“སྐབས་དེ་དུས་ཚང་མའི་འཚོ་བའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡིན་པ་དང་གླིང་བུའི་མ་གནས་དམའ་ལ་བཟོ་བདེ་པོ་ཡོད་སྟབས་ཚང་མས་དགའ་པོ་བྱེད་ཀྱི་ཡོད། རྟ་མགྲིན་ལྷ་བཟང་གིས་རང་ཉིད་ཆུང་དུས་ནས་གླིང་བུ་བཟོ་རྒྱུར་དགའ་བ་དང་མི་གཞན་ལ་ལད་མོ་བྱས་ཏེ་དབྱངས་ཚིགས་དང་སྦྲགས་གཏོང་སྟངས་སྦྱོང་གི་ཡོད། གླིང་བུ་ཆུང་ངུ་དེས་ངའི་མཛེས་སྡུག་ལྡན་པའི་ལོ་ཟླ་དུ་མ་མཉམ་སྐྱེལ་བྱས་ཡོད”ཅེས་བཤད།
“1991ལོར། མི་གཞན་གྱི་ཁྱིམ་ནས་སྒྲ་སྙན་ཐེངས་དང་པོ་མཐོང་བྱུང་། རྗེས་སུ་ཉིན་ལྟར་ཁོང་གི་ཁྱིམ་དུ་སྒྲ་སྙན་སྦྱོང་བར་འགྲོ་གི་ཡོད”རྟ་མགྲིན་ལྷ་བཟང་གིས་གད་མོ་དགོད་བཞིན“རོལ་དབྱངས་ནི་གཅིག་ཤེས་ཀུན་གྲོལ་ཡིན་ཞིང་། ངས་གླིང་བུ་གཏོང་སྟངས་ལ་བརྟེན་ནས་སྒྲ་སྙན་ཡང་མགྱོགས་པོར་དཀྲོལ་ཤེས་བྱུང”ཞེས་དྲན་གསོ་བྱེད་བཞིན་བཤད།
རྗེས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་སྦྲགས། འཚོ་བའི་ཆ་རྐྱེན་ཡང་ཡག་ཏུ་སོང་ནས་གྲོང་ཚོ་ཨུ་ལྷན་དང་གྲོང་ཚོའི་སློབ་ཆུང་དུ་རོལ་ཆ་མང་པོ་ཉོས་ཤིང་། ཞིང་དལ་སྐབས་རྟ་མགྲིན་ལྷ་བཟང་གིས་སློབ་གྲྭ་དང་གྲོང་ཚོ་ཨུ་ལྷན་དུ་རོལ་ཆ་སྣ་ཚོགས་སྦྱོང་གི་ཡོད།
རྟ་མགྲིན་ལྷ་བཟང་གིས་རང་ཉིད་ཆུང་དུས་ནས་ཏང་གི་དམངས་ཕན་སྲིད་ཇུས་ཁག་ལོངས་སྤྱོད་ཐུབ་པ་དང་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བ་བདེན་དཔང་བྱེད་ཐུབ་སྟབས། དམངས་གཞས་དེ་དག་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་ཏང་དང་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་འབུལ་འདོད་སྔ་ས་ནས་བྱུང་མོད། འོན་ཀྱང་རང་ཉིད་ཀྱི་རིག་གནས་ཆུ་ཚད་དམའ་བའི་རྐྱེན་གྱིས་ད་བར་བློ་ཡིད་ཚིམ་པའི་གཞས་ཚིག་ཅིག་བརྩམས་ཐུབ་མ་བྱུང་ཞེས་བཤད།
“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ལས་རྟ་མགྲིན་ལྷ་བཟང་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་གསར་རྩོམ་གྱི་རིག་ཀློང་རྡོལ་ནས《དུས་རབས་གསར་པའི་བསྟོད་གླུ》ཞེས་པ་བརྩམས་པ་རེད།
རྟ་མགྲིན་ལྷ་བཟང་གིས“ད་ཆ་གཞོན་ནུ་མང་ཆེ་བ་ཆུང་དུས་ནས་འཚོ་བའི་ཆ་རྐྱེན་ཡག་པོ་ཡོད་སྟབས་ངས་གླུ་དབྱངས་ལེན་ནས་ཁོང་ཚོར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཐོབ་སླ་མོ་ཞིག་མིན་པས་ངེས་པར་དུ་ཏང་གི་རྗེས་སུ་ནམ་ཡང་འབྲང་དགོས་ཞེས་བརྗོད་བྱ་རྒྱུ་ཡིན”ཞེས་བཤད་པ་དང་ཁོང་གིས“འཚོ་བ་ནི་གྲོད་པ་རྒྱགས་པ་ཙམ་གྱི་དོན་དུ་མིན་པར་ངས་རོལ་དབྱངས་ལ་བརྟེན་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བུ་རབས་ཚ་རྒྱུད་ལ་འོད་སྟོང་འཕྲོ་བའི་བསམ་པའི་རྒྱུ་ནོར་དང་རིག་གནས་ཀྱི་ཤུལ་བཞག་འཇོག་རྒྱུ་ཡིན”ཞེས་བཤད།