དབུ་ཤོག>ཞིང་འབྲོག་གསར་པ།
  • ཉི་མ་ལྷག་རྒྱལ་གྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-18

    ཉེ་ཆར། གསར་འགོད་པ་ནག་ཆུ་གྲོང་རྡལ་འོ་མ་དེང་དགེ་གྲོང་ཚོར་བསྐྱོད་ནས་འདི་གར་གནས་སྤོས་བྱས་པའི་མང་ཚོགས་ཀྱི་འཚོ་བ་གསར་པ་ཤེས་རྟོགས་བྱས་པ་ཡིན།

    འདི་ལོ་ནི་ཉི་མ་ལྷག་རྒྱལ་སྡོད་གནས་གསར་པར་སྤོས་རྗེས་ཀྱི་ལོ་གསར་གཏོང་ཐེངས་གཉིས་པ་དེ་རེད།

    ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྒོ་ར་ནས་ཉི་མ་ལྷག་རྒྱལ་ཁྱིམ་གྱི་ཚོམས་ཆེན་དུ་སྐྱོད་སྐབས་གཙང་ལ་གྲལ་སྟར་སྒྲིག་པའི་བོད་བཟོའི་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་འདུག་ལ་དྲོ་སྐྱིད་ཉི་འོད་ཁྲ་མ་ནས་ཁང་པའི་ནང་འཕྲོས་ནས་དྲོ་སོབ་སོབ་འདུག

    ལོ་གཉིས་ཀྱི་གོང་ཉི་མ་ལྷག་རྒྱལ་གྱི་ཁྱིམ་ནི་དབུལ་པོའི་དུད་ཚང་ཡིན་པ་དང་2015ལོར་ཉི་མ་ལྷག་རྒྱལ་དང་དེ་མིན་གྱི་དུད་ཚང་47ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག

    “སྐབས་དེ་དུས་གྲོང་མི་ཚོའི་སྡོད་ཁང་ཉེན་ཁ་ཆེ་བ་དང་། ཆ་རྐྱེན་ཞན་པ་མ་ཟད། དགུན་དུས་ལྷགས་པ་དང་དབྱར་དུས་ཆར་པ་འགོག་ཐུབ་ཀྱི་མེད། ང་ཚོ་གྲོང་ཚོ་དེར་སླེབས་སྐབས་སྡོད་ཁང་གི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པ་མཐོང་བྱུང”ཞེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན(ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས་མངགས་གཏོང་བྱས་པ)ཟླ་བ་རྡོ་རྗེས་གྲོང་ཚོ་དེར་ཐོག་མར་སླེབས་སྐབས་ཀྱི་གྲོང་ཚོའི་གནས་ཚུལ་དག་བརྗོད།

    2016ལོའི་ལོ་མཇུག་ཏུ་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་གཞོགས་འདེགས་འོག་གྲོང་ཚོ་དེས་ཐོག་མར་དུད་ཚང་དབུལ་པོའི་ཁང་པར་ཚོད་སྐོར་བྱས་ནས་རིམ་པ་བཞི་ལ་དབྱེ་རྗེས་གྲོང་ཚོའི་ལས་དོན་ཚོགས་ཆེན་འཚོགས་ཏེ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་རེད།

    “ང་ཚོའི་གྲོང་ཚོར‘བར་བཅུག་རྣམ་པའི’གནས་སྤོའི་སྲིད་ཇུས་ལག་བསྟར་བྱས་པ་དང་2017ལོའི་ཟླ་9བར་ཉེན་ཡོད་སྡོད་ཁང་ནང་སྡོད་མཁན་དུད་ཚང་17གནས་སྤོ་བྱས་ཡོད། སྡོད་ཁང་བསྐྲུན་པའི་མ་དངུལ་ཚང་མ་ནག་ཆུ་གྲོང་རྡལ་སྲིད་གཞུང་གིས་བཏང་བ་དང་ཡུལ་མིས་དངུལ་སྐར་མ་གཅིག་ཀྱང་འདོན་དགོས་བྱུང་མེད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་སྙན་གྲགས་ཀྱིས་གསར་འགོད་པར་བརྗོད།

    སྡོད་ཁང་གི་སེམས་ཁྲལ་བསལ་རྗེས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་དུད་ཚང་དབུལ་པོར་རྩལ་ནུས་གསོ་སྦྱོང་བྱ་རྒྱུར་གཞོལ། 2018ལོར་ཆུས་དང་གྲོང་རྡལ་རིམ་གཉིས་སྲིད་གཞུང་གི་སྒྲིག་འཛུགས་དང་རོགས་རམ་འོག ཉི་མ་ལྷག་རྒྱལ་སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་གྱི་རྐོ་འདྲུའི་འཕྲུལ་འཁོར་དང་། བོད་ཟས། མེ་ཏོག་འདེབས་འཛུགས་སོགས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ནང་ཞུགས་ཤིང་། 2018ལོའི་ལོ་མཇུག་ཏུ་ཉི་མ་ལྷག་རྒྱལ་ལ“རྐོ་འདྲུའི་འཕྲུལ་འཁོར་དང་འདེགས་འབེབས་དབོར་འདྲེན་འཕྲུལ་འཁོར་གྱི་ཁ་ལོ་བའི་རིམ་ལྔའི་ལག་ཁྱེར”རག་ནས་ཉེ་འགྲམ་གྱི་ལས་གྲྭར་ཡོང་འབབ་གསོག་པར་བསྐྱོད།

    “དེ་སྔོན་ལས་ཡུལ་དུ་ངལ་རྩོལ་བྱས་ན་ངལ་དུབ་ཧ་ཅང་ཆེ། ད་ཆ་འཕྲུལ་འཁོར་གཏོང་ཤེས་པས་ལས་བཟོད་ཡང་དུ་ཕྱིན་འདུག ན་ནིང་རྐོ་འདྲུའི་འཕྲུལ་འཁོར་ཟླ་བ་གཅིག་བཏང་བས་ཡོང་འབབ་སྒོར་ཁྲི་1ཙམ་བྱུང་ཞེས་ཉི་མ་ལྷག་རྒྱལ་གྱིས་གསར་འགོད་པར་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ཉི་མ་ལྷག་རྒྱལ་གྱི་ཕྲུ་གུ་གཉིས་ལ་ཡང་སློབ་གསོའི་ཁ་གསབ་དངུལ་ཡོད་པ་དང་། བུ་མོ་ཆེ་བ་སྲིད་མཚོ་ལྷ་མོ་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་གསུམ་པའི་ལོ་རིམ་དང་པོར་སྐྱོད་བཞིན་ཡོད་པ་དང་། བུ་མོ་ཆུང་བ་བཀྲ་ཤིས་གསེར་རྙེད་ཆུས་ཆ་ཚང་སློབ་ཆུང་གི་ལོ་རིམ་བཞི་པར་སྐྱོད་བཞིན་ཡོད་ལ། བུ་མོ་གཉིས་ཀྱི་སློབ་ཡོན་དང་འཚོ་བའི་གྲོན་དངུལ་ཚང་མ་རྒྱལ་ཁབ་ཀྱིས་སྤྲོད་ཀྱི་ཡོད།

    ལོ་གསར་པའི་འཆར་གཞིའི་སྐོར་གླེང་སྐབས། ཉི་མ་ལྷག་རྒྱལ་གྱིས“གསར་འགོད་པར་ལོ་གསར་པར་ངས་ལས་ཡུལ་དུ་རྐོ་འདྲུའི་འཕྲུལ་འཁོར་ཧུར་ཐག་བཏང་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།