ལྷ་ས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར། གྲོང་ཁྱེར་ཡོངས་སུ་བཞོན་མ་གསོ་ཚགས་དཔེ་སྟོན་དུད་ཚང་6000ཡོད་པ་དང་2018ལོར་ལྷ་ས་གྲོང་ཁྱེར་གྱི་འོ་མའི་ཐོན་ཚད་ཏུན་ཁྲི་11ཟིན་ནས་ཁྲེང་ཀོན་ཆུས་ཀྱིས་ལྟེ་བ་དང་ཆུ་ཤུར་དང་། ལྷུན་གྲུབ། སྟག་རྩེ་སོགས་རྫོང(ཆུས)ལ་ཁྱབ་པའི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་བཞོན་མ་གསོ་ཚགས་ཁུལ་རགས་ཙམ་ཆགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་ལྷ་ས་གྲོང་ཁྱེར་གྱིས་བཞོན་མ་གསོ་ཚགས་དུད་ཚང་གིས་ཚན་རིག་དང་མཐུན་པའི་གསོ་ཚགས་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་མ་ཟད། པེ་ཅིང་དང་ཅང་སུའུ་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་བོད་སྐྱོར་སྟོབས་ཤུགས་ལ་བརྟེན་པའི་ཁར“ནང་འདྲེན”བྱེད་ཐབས་སྤྱད་པ་དང་འབྲེལ“བཞོན་མ་ལྷ་སར་ནང་འདྲེན”དང“རིགས་གཅིག་མཁས་ཅན་བརྒྱ་གཞི་རིམ་དུ་བསྐྱོད་པ”“རིགས་གཅིག་མཁས་ཅན་ལྷ་སར་བསྐྱོད་པ”སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་པ་དང་། ལྗོངས་ནང་ཕྱི་ནང་གི་བཞོན་མའི་རིགས་གཅིག་མཁས་ཅན་གྱིས་བ་གླང་གི་རྒྱུད་པ་ལེགས་བཅོས་དང་། གསོ་ཚགས་དོ་དམ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཐད་ལག་རྩལ་གསོ་སྦྱོང་དང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་ཀྱང་བྱས་པ་རེད།
2018ལོར་ལྷ་ས་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་བསྐྲུན་ཏེ་ཐོག་མཐའ་བར་གསུམ་དུ་བཞོན་མའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་བཞོན་མའི་ལས་རིགས་འཕེལ་རྒྱས་གཏོང་བའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། ནང་འདྲེན་བྱས་པའི་བཞོན་མར་རིམས་ནད་གང་ཡང་མེད་པ་དང་། ལག་རྩལ་ཞབས་ཞུའི་ཚོགས་པ་བཙུགས་པ་དང་འབྲེལ་རྒྱལ་ཁབ་བཞོན་མའི་ཐོན་ལས་མ་ལག་དང་མཉམ་ལས་གྲོས་མཐུན་བཞག་སྟེ་གྲོང་ཁྱེར་ཡོངས་ཀྱི་བཞོན་མའི་ལས་རིགས་འཕེལ་རྒྱས་ལ་ཚན་རྩལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ། “རྒྱུད་བཟང་། ཐབས་བཟང། ཇུས་བཟང”བཅས་ཀྱི་འཐབ་ཇུས་སྔོན་ལ་ལག་བསྟར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་འདུ་འགོད་གོམ་སྟབས་མགྱོགས་སུ་བཏང་བ་དང་རྒྱུད་པའི་གྲུབ་ཆ་སྔར་བས་བཟང་སྒྲིག་བྱས་པ། ཁྲེང་ཀོན་ཆུས་སུ་དཀར་ཆུའི་ལས་དོན་བཟོ་གྲྭ་བཙུགས་པ་དང་མོང་ཉིའུ་ཚོགས་པ་དང་མཉམ་ལས་གྲོས་མཐུན་བཞག་ནས་ལྗང་མདོག་དང་། བདེ་འཇགས། སྐྱོན་བྲལ་བཅས་ཀྱི་དཀར་ཆུའི་ཐོན་རྫས་གསར་སྤེལ་བྱས་པ་དང་འབྲེལ་གྲོང་ཁྱེར་ཡོངས་ཀྱི་འོ་མའི་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ཐོན་ལས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་བ་མ་ཟད། སྲོལ་རྒྱུན་གྱི་འོ་མའི་ལས་རིགས་དེང་རབས་འོ་མའི་ལས་རིགས་ཕྱོགས་སུ་བསྐྱོད་པའི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།