ལོ་40གོང་གི་སྒྱུར་བཅོས་སྒོ་དབྱེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དབྱེ་མཚམས་ཤིག་ཡིན་ཞིང་། ཞིང་འབྲོག་ལས་ཀྱི་དཔལ་འབྱོར་འདི་ཉིད་སྒྱུར་བཅོས་མ་བྱས་གོང་གོམ་པ་སྤོ་ཁག་པ་དང་དཀའ་ཚེགས་ཆེ་བ་ནས་མཐར་ལོ་རྒྱུས་ཀྱི་ཀྱོག་མཚམས་བརྒལ་ནས་ལོ་40ཡི་དར་རྒྱས་གོང་འཕེལ་དུས་སྐབས་བསུ་རྒྱུ་བྱུང་ཡོད།
ལོ་40ཡི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བསྒྱུར་བ་དང་། ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། ཞིང་འབྲོག་ལས་ཀྱི་འདེགས་སྐྱོར་འགན་སྲུང་ནུས་པ་ཆེ་རུ་བཏང་བས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཆེན་པོ་དང་། ཞིང་འབྲོག་པར་འབབ་འཕར་མང་པོ། ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ། ཞིང་འབྲོག་ལས་དང་གྲོང་གསེབ་འཕེལ་རྒྱས་བརྟན་ཐོག་ཡར་བརྩོན་རྒྱུན་འཁྱོངས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་འགྱུར་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད།
འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་རིམ་བཞིན་ལེགས་སྒྲིག་བྱས་ཤིང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་ཞིང་ལས་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་། འདེབས་འཛུགས་ལ་འཚམ་པའི་སོན་གསར་དང་སོན་བཟང་ནང་འདྲེན་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་ཐོན་སྐྱེད་འགན་ལེན་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱས་པས་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་བརྟན་པོའི་ངང་འཕར་ཡོད།
འབྲོག་ལས་འཕེལ་རྒྱས་བརྟན་པོ་དང་འཐུས་སྒོ་ཚང་དུ་སོང་ཞིང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན།
ཉིང་ཁྲི་གྲོང་ཁྱེར་གྱི་འབྲོག་ལས་ལོ་རྒྱུས་ཀྱི་འཕེལ་རྒྱས་དུས་སྐབས་གསར་པར་སླེབས་ནས་ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་འདེབས་འཛུགས་རིམ་བཞིན་འབྲོག་ལས་ཐོན་སྐྱེད་ཀྱི་བྱ་ཐབས་གཙོ་བོར་གྱུར་པ་དང་། སྲོལ་རྒྱུན་གྱི་གསོ་ཚགས་རྨང་གཞིར་བྱེད་པ་དང་སྤུས་ཀ་ལེགས་ལ་ཐོན་འབབ་མཐོ་བའི་བཤས་ཕྱུགས་དང་བཞོན་མ་དང་བོད་ཕག་གཙོ་བོར་བྱས་པའི་གསོ་ཚགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བདེ་བླག་ངང་ལག་ལེན་བསྟར་ཡོད། གསོ་ཚགས་ཁུལ་ཆུང་སྣ་ཚོགས་དང་། གསོ་ཚགས་ཆེད་ལས་གྲོང་ཚོ། གསོ་ཚགས་དུད་ཆེན་བཅས་དུས་དང་བསྟུན་ནས་ཐོན་པ་མ་ཟད། རིམ་བཞིན་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཞིང་། སོན་བཟང་ནང་འདྲེན་དང་རྒྱུད་སྤེལ་ལས་སྒེར་གཉེར་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་འབྲོག་ལས་དེ་ཉིད་གྲོང་གསེབ་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ཀྱི་གྲས་སུ་གྱུར་ཡོད།
ཞིང་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་ཞིང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གོམ་སྟབས་ལོ་རེ་བཞིན་མགྱོགས་སུ་ཕྱིན་ནས་ཐོན་ལས་ཅན་གྱི་གཞི་ཁྱོན་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། བཟང་བ་ནས་སྤུས་ལེགས་བར་འགྱུར་ལྡོག་བྱུང་བ་དང་། ཐོན་ལས་རྣམ་གྲངས་ཉུང་བ་ནས་མང་བའི་བར་དང་ཕྱོགས་རེ་གཉིས་ནས་ཁྱོན་ཡོངས་བར་འགྱུར་ལྡོག་ཕྱིན་ཏེ་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་བཀོད་སྒྲིག་དང་། ཞིང་འབྲོག་པའི་ཡོང་འབབ་འཕར་བ། དཔལ་འབྱོར་དང་རིག་གནས་དར་རྒྱས་གཏོང་བ། གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ས་མཐོའི་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་དང་ཡུལ་ཟོག་ཐོན་ལས་ལས་སྣོན་སོགས་ཀྱི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་བ་དང་ཐོན་ལས་གསུམ་པ་གསར་སྤེལ་ཧུར་ཐག་བྱས་ཏེ་ཤང་དང་གྲོང་རྡལ་གྱི་ཁེ་ལས་དག་ནུས་རྒྱུ་འབེལ་བ་དང་། འགྲིམ་འགྲུལ་སྟབས་བདེ་བ། དཔལ་འབྱོར་འཁྲུག་ཆ་དོད་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་ཆབས་ཅིག འཐུ་བསྡུའི་ལས་རིགས་དང་། ཁྱིམ་ཚང་གི་ཞོར་ལས། མི་རིགས་ལག་ཤེས་བཟོ་རྩལ། ངལ་ནུས་ཕྱིར་གཏོང་བཅས་ནང་དོན་གཙོ་བོར་བྱས་པའི་སྣ་མང་གཉེར་སྐྱོང་རྒྱ་ཁྱབ་ངང་སྤེལ་ཏེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་ནུས་ལྡན་ངང་སྟོབས་ཆེར་བཏང་བ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཡོད།
ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་རྣམ་པར་འགྱུར་ལྡོག་གསར་པ་བྱུང་ཞིང་། ལོ་40ཡི་རིང་། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ལམ་ལུགས་ཐད་སྤྱི་པའི་ནོར་སྲིད་ཞིང་འབྲོག་ཁུལ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། དམངས་འཚོའི“བྱ་བ་དངོས་བཅུ”ནུས་ལྡན་ངང་བསྒྲུབས་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། སྟོབས་ཤུགས་གཅིག་སྡུད་ཀྱིས་ཞིང་འབྲོག་མང་ཚོགས་ཚོས་དོ་ཁུར་བྱེད་པའི་དཀའ་ངལ་ཐག་གཅོད་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་སློབ་གསོ་དང་། རིག་གནས། འཕྲོད་བསྟེན་སོགས་བྱ་གཞག་འཕེལ་རྒྱས་མྱུར་པོ་བཏང་བ། རྒྱལ་ཡོངས་ཀྱི་སྔོན་ལ་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་ལམ་ལུགས་ཁྱབ་གདལ་བཏང་སྟེ་སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། ཞིང་འབྲོག་པར་ཕན་འདོགས་པའི་བདེ་སྡོད་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་སྟེ་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། གྲོང་སྡོད་ལས་དོན་ཧུར་ཐག་སྤེལ་ནས་གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ཕྱུག་འགྱུར་ཐབས་ལམ་ཡངས་སུ་གཏོང་བ། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ། དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ལེགས་གྲུབ་ཡག་པོ་བྱུང་ཡོད། ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་གཏོང་བ་དང་ཆབས་ཅིག མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཧུར་ཐག་བསློགས་པས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་འཆམ་མཐུན་དང་། མང་ཚོགས་ཀྱི་སེམས་པ་དེ་བས་སྐྱིད་པ། སྤྱི་ཚོགས་དེ་བས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད།