དབུ་ཤོག>ཞིང་འབྲོག་གསར་པ།
  • ཕྱུག་པོ་ཆགས་དུས་ཡུལ་མི་བརྗེད་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-18

    སྙེ་མོ་རྫོང་སྙེ་མོ་ཤང་གནས་ཡུལ་གྲོང་ཚོའི་ལྷག་པ་རྡོ་རྗེ་ནི་ས་གནས་དེ་གའི་ཨར་ལས་ལས་རིགས་ཀྱི་སྣེ་ཁྲིད་པ་ཡིན་པ་དང་། ཁོང་གི་མིང་་འབོད་སྐབས་གྲོང་མི་ཚང་མས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། ལོ་36ལ་སླེབས་སྐབས་བློ་ཁོག་ཆེན་པོས་ལས་གཏོད་བྱེད་འགོ་བརྩམས་པ་དང་། ལོ་10ཡི་འབད་འཐབ་ལྷོད་མེད་བྱས་ཏེ“ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི”ཐོག་མའི་བསམ་འདུན་མི་བརྗེད་པར་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་པ་དང་འབྲེལ། ཕ་ཡུལ་ལ་རང་ནུས་ལེགས་སྐྱེས་ཕུལ་ཡོད།

    ལོ་ཁ་ཤས་ཀྱི་གོང་དུ། སྙི་མོ་རྫོང་གི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་ལྷག་པ་རྡོ་རྗེས་རྡོ་བཤགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་མ་ཟད། གྲོང་ཚོའི་དུད་ཚང་དབུལ་པོའི་མི་གྲངས་30མཉམ་ལས་ཁང་ནང་བསྡུས་པ་རེད། “ཁང་པ་རྒྱག་པ་དང་ལམ་བཟོ་བར་རྡོ་མཁོ་པོ་ཡོད། ང་ཚོའི་གྲོང་ཚོར་རྡོ་མང་བར་བརྟེན་གྲོང་མི་སྐུལ་སློང་བྱས་ཏེ་རྡོ་བཤགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་ཡིན”ཞེས་བཤད།

    “ཕྱུག་པོ་ཆགས་རྗེས་ཕ་ཡུལ་གྱི་མི་རྣམས་བརྗེད་མི་རུང”ཞེས་པ་དེ་ནི་ལྷག་པ་རྡོ་རྗེས་རྒྱུན་དུ་བརྗོད་པ་དང་སེམས་གཏིང་གི་སྐད་ཆ་ཞིག་རེད། ཁོང་གིས“ཡིད་རྟོན”ལ་བརྟེན་ནས་ཚོང་ལམ་་བཏོད་པ་དང་ཁེ་གཙང་རག་སྐབས་གྲོང་ཚོའི་ནང་ལམ་བཟོ་གི་ཡོད། གཉེར་སྐྱོང་མཉམ་ལས་ཁང་གི་ཡོང་འབབ་ནས་དངུལ་བཏང་སྟེ་ཁོང་གིས་གྲོང་ཚོར་གཙང་ལ་ཁོད་སྙོམས་པའི་ཨར་འདམ་ལམ་བུ་བསྐྲུན་པས་ཕ་ཡུལ་གྱི་ཡུལ་མི་ཚོའི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དཀའ་ངལ་མང་དག་ཅིག་ཐག་གཅོད་བྱས་ཡོད།

    2009ལོའི་སྟོན་འགོར། གྲོང་ཚོར་ཨར་འདམ་ལམ་བུ་བསྐྲུན་འགོ་ཚུགས་སྐབས་སྙེ་མོ་ཤང་གནས་ཡུལ་རྡོ་བཤགས་ཆེད་ལས་མཉམ་ལས་ཁང་གི་འཕྲུལ་འཁོར་ལྡིར་སྒྲ་དང་མང་ཚོགས་ཚོའི་དགའ་འབོད་བྱེད་པའི་རྣམ་པ་ལྷག་པ་རྡོ་རྗེས་ནམ་ཡང་བརྗེད་མི་སྲིད།

    གྲོང་ཚོའི་དྭ་ཕྲུག་གཅེན་གཅུང་གཉིས་ཀྱི་སྡོད་ཁང་རྙིང་པ་ལོ་མང་རིང་ཉམས་བཟོ་བྱུང་མེད་པས་གོག་ཧྲུལ་དུ་གྱུར་པ་མཐོང་སྐབས། ལྷག་པ་རྡོ་རྗེས་རང་འགུལ་ངང་དངུལ་བཏོན་ནས་ཁོ་གཉིས་ལ་སྡོད་ཁང་གསར་པ་རྒྱག་རོགས་བྱས། གཅེན་གཅུང་གཉིས་པོས་དེའི་སྐོར་གླེང་སྐབས“ཁོང་ནི་མི་བཟང་པོ་ཞིག་རེད”ཅེས་བསྔགས་བརྗོད་ཡང་ཡང་བྱས།

    རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་དང“སྔོན་ཐོན་དབུལ་སྐྱོར་ལས་དོན་པའི”མཚན་སྙན་ཐོབ་མྱོང་ལ་གོས་དར་དང་བྱ་དགའ་མང་པོ་ཡང་ཐོབ་མྱོང་ཡོད། དེ་དག་ནི་ལྷག་པ་རྡོ་རྗེའི་ངོས་ནས་བརྗོད་ན་ཡག་ཐོག་ཡག་བརྩེགས་བྱེད་པའི་སྐུལ་ལྕག་ཅིག་རེད། ཁོང་གིས“གཞན་ལ་རོགས་རམ་བྱེད་ཐུབ་ན། ངའི་བདེ་སྐྱིད་ཡིན”ཞེས་བརྗོད་ཀྱི་ཡོད་ལ། མི་སེར་ལ་བྱ་བ་དངོས་སྒྲུབ་ཐུབ་ན། ལྷག་པ་ཚེ་རིང་གཞི་ནས་བློ་ཡིད་འཚིམ་གྱི་ཡོད། དེ་ནི་ཁོང་གི་གོམས་གཤིས་སུ་འགྱུར་ཡོད་ལ། དེ་དག་ནི་ཁོང་གི་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཀྱང་རེད།

    ལོ་དེ་དག་རིང་། ལྷག་པ་རྡོ་རྗེས་སྤྱི་ཕན་ལས་ཁོ་ནར་གཞོལ་ཞིང་། ཁོང་གི་ཀུང་སིའི་བཟོ་པ་མང་ཆེ་བ་ནི་གྲོང་ཚོ་ཁག་གི་དུད་ཚང་དབུལ་པོ་རེད། སྙེ་མོ་ཤང་གི་གྲོང་ཚོ་ཁག་དང་། བྲག་སྐོར་ཤང་དང་། ཕུ་གསུམ་ཤང་། མར་རྐྱང་ཤང་སོགས་ཉེ་འཁོར་གྲོང་ཚོའི་གྲོང་མིའི་ཁང་པ་གསར་རྒྱག་དང་ལམ་བཟོ་སྐབས་སུ་ལ་དཀའ་ངལ་འཕྲད་ནའང་ཁོང་གིས་གང་ཐུབ་ཅི་ཐུབ་ཀྱི་རོགས་པ་བྱེད་ཀྱི་ཡོད་པ་མ་ཟད། སློབ་གྲྭ་དང་རྒན་གསོ་ཁང་ཉམས་བཟོ་བྱེད་སྐབས་རིན་མེད་ངང་རྡོ་དང་བྱེ་མ་སོགས་སྤྲོད་ཀྱི་ཡོད།

    རྫོང་ནང་དུ་འགྱིག་ཤོག་དྲོད་ཁང་བསྐྲུན་སྐབས། ལྷག་པ་རྡོ་རྗེས་རླངས་འཁོར་བཏང་ནས་རྡོ་དང་བྱེ་མ་སོགས་དབོར་རོགས་བྱས། སྙེ་མོ་ཤང་ཆ་ཚང་སློབ་ཆུང་གི་ཉལ་ཁང་བཟོ་བཅོས་རྒྱག་སྐབས། ཁོང་གིས་ལས་མི་དང་འཕྲུལ་འཁོར་ཚང་མ་བཏང་ཡོད། ལྷག་པ་རྡོ་རྗེས་ལོ་ལྟར་སློབ་སྐྱོར་རོགས་དངུལ་དང་། གྱོན་ཆས། དཔེ་ཁུག་སོགས་འཚམས་འདྲིའི་དངོས་པོ་ཁྱེར་ནས་སྙེ་མོ་ཤང་ཆ་ཚང་སློབ་ཆུང་དང་སྙེ་མོ་རྫོང་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོར་བལྟ་བར་འགྲོ་གི་ཡོད།

    ལས་གཏོད་ཕྱུག་འགྱུར་བྱུང་རྗེས་རྩ་བ་མི་བརྗེད་པ་བྱ་རྒྱུ་དེ་ནི་ལྷག་པ་རྡོ་རྗེས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་རེད་ལ། རླབས་ཆེན་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཤིག་ཀྱང་རེད། ང་ནི་མི་དཀྱུས་མ་ཞིག་ཡིན་ཞེས་བརྗོད་པའི་ཁོང་གི་སྐད་ཆ་ལས་བཀྲག་མདངས་ཀྱི་རྣམ་པ་ཞིག་མངོན་པ་མ་ཟད། མི་བཟང་གི་གཤིས་རྒྱུད་ཅིག་ངམ་ངམ་དུ་མཚོན་བཞིན་སྣང་།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།