དབུ་ཤོག>ཞིང་འབྲོག་གསར་པ།
  • ཕྱུག་པོ་ཆགས་དུས་ཡུལ་མི་བརྗེད་མི་ཉན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-04

    ལྷོ་བྲག་རྫོང་སྲས་ཤང་དུ་བུ་ཆུང་གི་སྐོར་གླེང་སྐབས། མི་ཚང་མས་མཐེ་བོང་བསྒྲེངས་ནས་ཁོང་ནི་དཔལ་འབྱོར་གྱི་བསམ་བློ་ཡོད་ལ། འགན་འཁྲི་འཁུར་ཐུབ་མཁན་གྱི་མི་བཟང་པོ་ཞིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།

    2007ལོའི་གོང་དུ་བུ་ཆུང་ནི་ཞིང་པ་འཁྲུལ་མེད་ཅིག་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་ལས་གཏོད་བྱེད་སེམས་ཡོད་པའི་ཁོང་གིས་རང་་ཀྱི་སྒོར་ཁྲི་2ཀྱི་ཁར་གྲོང་པ་ཁྱིམ་མཚེས་དང་སྤུན་མཆེད་གྲོགས་པོ་གྲོགས་མོའི་ས་ནས་སྒོར་ཁྲི་7གཡར་ཏེ་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཆུང་གྲས་ཤིག་ཉོས་ནས་བདལ་གླ་རྒྱུགས་པ་དང་ཚོང་ཟོག་དབོར་འདྲེན་བྱེད་འགོ་ཚུགས། དུས་དེ་ནས་བཟུང་། ཁོང་གིས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་བཏང་སྟེ་རི་ཁུག་ནས་ཐོན་ཏེ་བོད་ཀྱི་ས་ཆ་གང་སར་བསྐྱོད་པས་ལྟ་རྒྱ་མཐོས་རྒྱ་ཡང་དེ་བས་ཆེ་རུ་ཕྱིན་པ་རེད། 

    རྟག་ཏུ་ཕྱིར་བདལ་གླ་རྒྱུགས་པར་བསྐྱོད་སྟབས། བུ་ཆུང་གིས་སྤོས་ཀྱི་ཁྲོམ་ར་རྒྱ་ཆེན་པོ་ཡོད་ནའང་ལྷོ་བྲག་རྫོང་ལ་སྤོས་བཟོ་མཁན་དང་ཕྱིར་ཚོང་བྱེད་མཁན་མཉམ་ལས་ཁང་དང་ཁེ་ལས་གཅིག་ཀྱང་མེད་པ་ཤེས། 2010ལོར། བུ་ཆུང་གིས་བློ་ཐག་ཆོད་པོས་ལོ་3བཏང་བའི་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་་བཙོངས་ནས་བཟོ་གྲྭ་བཙུགས་ཏེ་སྤོས་བཟོ་འགོ་ཚུགས། ལས་ཐམས་ཅད་འགོ་རྩོམ་སྐབས་དཀའ་ཚེགས་ཆེ་བ་ལྟར། བུ་ཆུང་གིས་སྤོས་ཀྱི་སྦྱོར་རྟ་དང་། བཟོ་བ། ཕྱིར་ཚོང་བཅས་ཚང་མ་འགོ་ནས་སྦྱངས་པ་མ་ཟད། ཞིབ་འཇུག་ཞིབ་ཕྲ་བྱས་པ་ལས་ལོ་ཕྱེད་ཙམ་གྱི་དུས་ཡུན་རིང་སྤུས་ཚད་ལེགས་པའི་སྤོས་བཟོ་ཐུབ་པ་རེད། སྤོས་བཟོ་ཐུབ་ཀྱང་ཕྱིར་ཚོང་ཡག་པོ་མ་བྱུང་སྟབས། ཁོང་གིས་སྤོས་སྣོད་རྒྱབ་ཏུ་ཁུར་ནས་ཚོང་ཁང་རེ་རེ་བཞིན་ལ་སྤོས་ངོ་སྤྲོད་བྱེད་པར་བསྐྱོད།

    མི་ལ་བརྩོན་འགྲུས་ཡོད་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པར་ལྟར། 2011ལོར། ལོ་ཕྱེད་ཙམ་རིང་ཕྱིར་ཚོང་དང་ཁྱབ་སྤེལ་བཏང་བའི་ཁར། སྤོས་ཀྱི་སྤུས་ཚད་ཡག་པོ་ཡོད་པས། ཕྱིར་ཚོང་ཁྲོམ་ར་གཏོད་ཐུབ་པ་མ་ཟད། ལོ་དེ་རང་ལ་ཁོང་ལ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་10བྱུང་བ་རེད། 

    མི་ཚང་རེ་རེ་བཞིན་དུ་བསྐྱོད་ནས་འཚོང་བ་ནས་ས་གནས་ཁག་གི་མཛད་སྤྱོད་པས་རང་འགུལ་ངང་སྤོས་མངགས་ཉོ་བྱས་པའི་བར། བུ་ཆུང་གི་སྤོས་ཀྱི་སྐད་གྲགས་ཆོད་འགོ་ཚུགས། འོན་ཀྱང་དེ་ནི་ལག་པས་བཟོས་པ་ཞིག་དང་མི་ཤུགས་མ་གནས་མཐོ་བའི་ཁར། བཟོ་ཁང་གི་ཆ་རྐྱེན་ལ་ཚད་གཞི་ཡོད་པ་དང་ཐོན་ཚད་མཐོ་པོ་མེད་པས་བུ་ཆུང་གི་ཐོག་མཐའ་བར་གསུམ་དུ་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་གཏོང་བའི་འདུན་པ་ཡང་མ་དངུལ་མ་འདང་བའི་དབང་གིས་སྒྲུབ་ཐབས་བྲལ།

    བུ་ཆུང་གིས་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་བའི་ཐད་སེམས་ཁྲལ་བྱེད་པའི་སྐབས་སུ། ལྷོ་བྲག་རྫོང་གིས་གསར་གཏོད་ལས་གཏོད་ཀྱི་འབྲེལ་ཡོད་སྐུལ་ལྕག་སྲིད་ཇུས་བཏོན་པ་རེད། བུ་ཆུང་གིས་གོ་སྐབས་དེ་དམ་འཛིན་བྱས་ནས་འབྲེལ་ཡོད་ཕྱོགས་ཀྱི་རོགས་རམ་འོག བཟོ་ཁང་ཆེ་རུ་བཏང་བ་དང་སྒྲིག་ཆས་ཉོས་པས། དེ་སྔའི་རྒྱ་ཆུང་ལ་གུ་དོག་པའི་སྨི་ངོས་གྲུ་60ཟིན་པའི་བཟོ་ཁང་དེ་ད་ཆ་རྒྱུ་ཆ་རིགས་དབྱེ་གསོག་ཉར་དང་། ཐོན་སྐྱེད། ཐུམ་སྒྲིལ་སོགས་ཀྱི་བྱེད་ནུས་ཆ་ཚང་བའི་ཐོག་བརྩེགས་ཁང་ཆེན་ཞིག་ཏུ་གྱུར་པ་མ་ཟད། ལས་མིའང་2ནས་16བར་མང་དུ་ཕྱིན་ནས་ཐོན་སྐྱེད་རྒྱ་ཆེར་གཏོང་བའི་བུ་ཆུང་གི་ཕུགས་འདུན་གྲུབ་ཡོད་ལ། ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ཀྱང་སྔར་བས་ཐུབ་ཡོད་པ་རེད། 

    “ལག་སྟོང་ཁྱིམ་འཛུགས་བྱས་པ་ནས་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པའི་བར། དཀའ་ངལ་སྣ་ཚོགས་ཕྲད་མོད། འོན་ཀྱང་རང་ཉིད་ཕྱུག་པོ་ཆགས་པ་དང་ཆབས་ཅིག མང་ཚོགས་ལ་འབབ་འཕར་ཡོང་བར་རོགས་རམ་བྱེད་ཐུབ་པ་ཡིད་ལ་འཁོར་སྐབས། དཀའ་ལས་ག་ཚོད་ཁག་ཀྱང་བྱེད་རིན་འདུག་སྙམ་གྱི་འདུག”ཅེས་བུ་ཆུང་གིས་བཤད། 

    ཁོང་གིས་བརྗོད་པ་ལྟར། ཀུང་སི་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་བསྟུན་ནས་བུ་ཆུང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་དབུལ་པོར་རོགས་རམ་བྱེད་ཀྱི་ཡོད། ལོ་ལྟར་བོད་ཀྱི་ལོ་གསར་འཆར་རིམ་བཞིན་བུ་ཆུང་གིས་སྲས་ཤང་གི་དུད་ཚང་དབུལ་པོར་འཚམས་འདྲི་བྱེད་ཀྱི་ཡོད། 2016ལོ་ནས་བཟུང་། ཁོང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་16དང་རང་འགུལ་ངང་ཆ་བསྒྲིགས་ནས་ཁོང་ཚོའི་ཕྱུག་འགྱུར་དབུལ་སྒྲོལ་ལ་རོགས་སྐྱོར་བྱས་ཡོད་པ་རེད། 

    “ནུ་མའི་འབྲས་སྐྲན་ཕོག་པ་བརྟག་དཔྱད་ཐུབ་རྗེས། ཁྱིམ་གྱི་གསོག་དངུལ་ཚང་མ་བེད་སྤྱོད་བཏང་ཡང་ད་དུང་འདང་གི་མི་འདུག ང་ཚོ་ནང་མི་ཚང་མ་འུ་ཐུག་ཐབས་ཟད་ཀྱི་དུས་སུ། བུ་ཆུང་ལགས་ཀྱིས་སྒོར་ཁྲི་1.6བསྐྱལ་བ་དང་འབྲེལ། ང་ཚོར་ནད་གཞི་ཡག་པོ་བཅོས་ཤིག དཀའ་ངལ་གང་ཕྲད་ཀྱང་ང་འཚོལ་བར་ཤོག་ཅེས་གསུང་གི་འདུག”ཅེས་གྲོང་མི་བློ་གསལ་གྱིས་ཁོང་གི་བཀའ་དྲིན་བསམ་བཞིན་དེ་ལྟར་བརྗོད། 

    བུ་ཆུང་གི་རོགས་རམ་འོག ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་16ཚང་མ་དབུལ་སྒྲོལ་ཐུབ་པས། ཕྲག་ཏུ་འགན་འཁྲི་ལྕི་པོ་ཁུར་བའི་བུ་ཆུང་གཞི་ནས་སེམས་ལྷོད་ལ་བབས་མོད། འོན་ཀྱང་ཁོང་གིས་སྔར་བཞིན་འབད་བརྩོན་བྱེད་ཀྱི་ཡོད། བུ་ཆུང་གིས“གོམ་སྟབས་རྗེས་མར། ངས་མུ་མཐུད་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་བཏོད་དེ་ཡུལ་མི་ཚོར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་དང་འབྲེལ། ཁོང་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་རྒྱུ་ཡིན”ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།