“ཆ་རྐྱེན་སྐྱོ་ཤོས་དང་། དཀའ་ཚེགས་ཆེ་ཤོས། མང་ཚོགས་ལ་དགོས་མཁོ་ཆེ་ཤོས་བཅས་ཀྱི་སར་འགྲོ་དགོས” འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱི་ཁག་བདུན་པའི་གྲོང་སྡོད(གྲོང་ལྷན)ལས་བྱེད་པ་ཚོས་ཞིང་འབྲོག་པའི་ཁྱིམ་ནས་ཞིང་འབྲོག་ལས་ཀྱི་རྣམ་གྲངས་ལས་ཡུལ་བར་དང་། ཞིང་ནང་དང་མུ་ཁ་ནས་ནགས་རི་དང་མཚོ་འགྲམ་བར། གཙང་པོ་རྒྱུག་ཁུལ་ནས་མཐའ་མཚམས་ཤང་གྲོང་བར་བཅས་སུ་འགན་འཁྲི་དོན་འཁྱོལ་ཧུར་ཐག་བྱས་སྟབས་རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱི་དགའ་བསུ་དང་། ཡིད་ཆེས། གདེང་འཇོག་བཟང་པོ་བཅས་ཐོབ་ཡོད།
དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་སྤེལ་ནས་ངོས་འཛིན་གཅིག་ཏུ་བསྒྲིལ་བ།
ཞིང་འབྲོག་པ་དུས་རབས་དང་མཉམ་དུ་ཡར་རྒྱས་ཡོང་བའི་འགག་རྩ་བསམ་བློ་ཡར་ཐོན་ལ་ཐུག་ཡོད། དེར་བརྟེན་བསམ་བློའི་སློབ་གསོ་ནི་གྲོང་སྡོད་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད།
ཆུ་མདོ་རྒྱང་གྲོང་ཚོར་བཅའ་སྡོད་ཆུ་གསུམ་རྫོང་གི་ལས་དོན་རུ་ཁག་གིས་ཚོགས་ཆེན་བཅུ་དགུ་པ་སོགས་ཀྱི་ཚོགས་འདུའི་དགོངས་དོན་མང་ཚོགས་ལ་དྲིལ་བསྒྲགས་ཡག་པོ་བྱ་ཕྱིར་རྫོང་སྒྱུ་རྩལ་ཚོགས་པ་གདན་དྲངས་ཏེ། འབྲས་དཀར་དང་དགོད་བྲོའི་གཏམ་གླེང་སོགས་ལ་བརྟེན་ནས་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་བྱས་པ་དང་། སྐྱིད་གཤོངས་སྡེ་ཁུལ་དུ་བཅའ་སྡོད་གོང་དཀར་རྫོང་གི་ལས་དོན་རུ་ཁག་གིས“ཞིང་འབྲོག་པའི་མཚན་མོའི་སློབ་གྲྭ”དང་། “སྡེ་ཁུལ་གྱི་རྒྱང་བསྒྲགས་ཆུང་ངུ” “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་གཞི་རྟེན་དུ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་སུ་གཏིང་ཟབ་ཟུག་པ་བྱས་པ། གྲ་ཐང་གྲོང་ལྷན་དུ་བཅའ་སྡོད་གྲ་ནང་རྫོང་གི་ལས་དོན་རུ་ཁག་གིས་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་སྒྲིག་འཛུགས་བྱས་ནས་རིག་རྩལ་འཁྲབ་སྟོན་བྱས་ཏེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དྲི་བ་དྲིས་ལན་གྱི་ལེ་ཚན་བཀོད་སྒྲིག་བྱས་པ་མ་ཟད། བྱ་དགའ་སྤྲད་དེ་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ་བྱས་པ་རེད།
གྲོང་ཚོར་བཅའ་སྡོད་བྱས་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་ཁག་བདུན་པའི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། “སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་ཀྱི་ནང་དོན་ལ་དམིགས་ནས་ཞིང་ནང་དང་འབྲོག་ཁུལ་གྱི་རྩྭ་ཐང་དུ་བསྐྱོད་དེ་གྲོང་མིའི་ཚོགས་ཆེན་འཚོགས་པ་དང་། དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས། སྒོ་རྩར་སློབ་ཁྲིད་སོགས་ཀྱི་ཐབས་ལ་བརྟེན་ནས་སྒྲོག་འགྲེལ་སྣ་ཚོགས་ཐེངས་8884བྱས་པ་དང་། ཆེད་དོན་འཆད་ཁྲིད་3503བྱས་པ། དྲིལ་བསྒྲགས་དཔྱད་ཡིག་ཁྲི་20.7སྤྲད་པ་རེད།
གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ཧུར་ཐག་བསྒྲུབས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པར་གྲོང་སྡོད་ལས་བྱེད་པ་ནི་གདོང་ལེན་དམག་དཔུང་རེད།
ལྷོ་ཁ་གྲོང་ཁྱེར་གྱི་ཁག་བདུན་པའི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་གྲོང་སྡོད་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་དེ་རང་གི་ཐོན་ཁུངས་ལེགས་ཆ་ནས་འགོ་བཙུགས་ཏེ་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་ཐབས་ལམ་འཚོལ་རོགས་ཧུར་ཐག་བྱས་ཏེ། མང་ཚོགས་དབུལ་པོ་མང་པོའི་དབུལ་ཞྭ་འབུད་རོགས་བྱས་པ་རེད།
སྣ་དཀར་རྩེ་འདབ་ལུང་གྲོང་ལྷན་དུ་བཅའ་སྡོད་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་38.8བརྩོན་ལེན་བྱས་ཏེ་ཡར་འབྲོག་གཡུ་མཚོའི་སྣོད་བཅུད་འབྲོག་ར་བསྐྲུན་པ་མ་ཟད། མ་རྐང་ཁག་གཅིག་དུད་ཚང་དབུལ་པོར་བགོ་བཤའ་བརྒྱབ་ནས་མང་ཚོགས་དབུལ་པོར་འབབ་འཕར་བརྟན་པོ་ཡོང་བའི་སྐུལ་ཁྲིད་བྱས་པ་རེད། གྲ་ནང་རྫོང་རྔ་སྒྲ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཨུད་རྩ་འཛུགས་པུའི་ལས་དོན་རུ་ཁག་གིས་གྲོང་ཚོ་ཡོངས་ཀྱི་དུད་ཚང་དབུལ་པོ་57སྒྲིག་འཛུགས་བྱས་ནས་ཉེར་མཁོའི་རྩལ་ནུས་གསོ་སྦྱོང་དང་ས་གནས་དེ་གའི་རྣམ་གྲངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་དུད་ཚང་དབུལ་པོ་ཚང་མར་ཡོང་འབབ་སྒོར་ཁྲི་གཉིས་རེ་ཡོང་བའི་སྣེ་ཁྲིད་བྱས་པ་རེད།
གནད་སྨིན་དབུལ་སྐྱོར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་གལ་ཆེན་ཞིག་རེད། དེར་བརྟེན་ལྷོ་ཁ་གྲོང་ཁྱེར་གྱི་ཁག་བདུན་པའི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་མི་སྣའི་དབུལ་སྐྱོར་དང་། བསམ་བློའི་དབུལ་སྐྱོར། རོགས་སྐྱོར་གྱི་དབུལ་སྐྱོར་བཅས་ལ་བརྟེན་ནས་ཞིང་འབྲོག་པའི་ད་ལྟའི་དབུལ་ཕོངས་ཀྱི་གནས་ཚུལ་ཁོང་དུ་ཡང་དག་ཆུད་པ་དང་། གྲོང་སྡོད་ལས་བྱེད་པས་དུད་ཚང་འགན་ལེན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན། མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ནང་གནས་སྒུལ་ཤུགས་འཕེལ་གང་ཐུབ་བཅས་བྱས་ནས་རྩལ་ནུས་ཀྱི“མཚན་མོའི་སློབ་གྲྭའི”སློབ་ཚན་ཐེངས་3652འཚོགས་པ་དང་། མང་ཚོགས་དབུལ་པོ་མི་ཐེངས་ཁྲི་6.18ལ་རོགས་སྐྱོར་བྱས་པ། ལས་ཞུགས་ལས་གནས་74ཐག་གཅོད་བྱས་པ། སྒོར་ཁྲི་1189.36རི་བའི་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་པས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དབུལ་སྐྱོར་བྱེད་པའི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་རེད།
གཞི་རིམ་རྩ་འཛུགས་སྟོབས་ཆེར་བཏང་ནས་འཕེལ་རྒྱས་དང་བརྟན་ལྷིང་འགན་ལེན་བྱས་པ།
གཞི་རིམ་ཏང་རྩ་འཛུགས་ཉམས་ཞན་ཡིན་པ་ནི་སྔ་བར་ཕྱི་གསུམ་དུ་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། དེར་བརྟེན་ལྷོ་ཁ་གྲོང་ཁྱེར་གྱི་ཁག་བདུན་པའི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་ནས་འགོ་བཙུགས་པ་དང་འཕེལ་རྒྱས་དང་བརྟན་ལྷིང་འགན་ལེན་བྱས་ཏེ་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་སྔར་བས་ཆེ་རུ་གཏོང་རོགས་བྱས་པ་རེད།
ཟངས་རི་རྫོང་སྦ་ནག་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་རུ་ཁག་གིས“གང་འདྲ་བྱེད་དགོས་མིན”གྱི་འཕྲལ་སྡོམ་སྔོན་ཇུས་12བཟོས་པ་དང་། སྡོད་བྱ་དང་སྡོད་བྱ་སྣེ་ཁྲིད་མཁན་གྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་མ་ཟད། ཏང་ཡོན་ལས་བྱེད་པས་ལས་ཀ་སྒྲུབ་ཐེངས་རེར་གློག་རྡུལ་ཡིག་ཚགས་བཟོས་ནས་གནས་ཚུལ་གསལ་པོ་ཡོང་བ་བྱས་ཡོད། འཕྱོངས་རྒྱས་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མ་ཡིག་ལ་གོ་བ་བླངས་ནས་སློབ་སྦྱོང་བྱེད་པ་དང་། ཚོགས་འདུའི་ཐོག་ངེས་པར་དུ་སློབ་སྦྱོང་བྱེད་པ། དཔྱད་ཡིག་ལ་བརྟེན་ནས་སློབ་སྦྱོང་རོགས་རམ་བྱེད་པ། སྐད་འཕྲིན་དུ་སློབ་སྦྱོང་བྱེད་པའི་འོས་སྦྱོར་བྱེད་པ། མྱོང་ཚོར་བྲིས་ནས་སློབ་སྦྱོང་ལ་ལྟ་སྐུལ་བྱེད་པ་བཅས“སློབ་སྦྱོང་ལྔའི”བྱེད་ཐབས་སྤྱད་ནས་ཏང་ཡོན་དང་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པར་ཁྲིད་སྟོན་བྱས་པ་རེད།
འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱི་ཁག་བདུན་པའི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་ཏང་གི་ལས་དོན་མཐའ་དག་ཀྲི་པུའུ་ལ་བརྟེན་དགོས་པའི་སྟོན་ཕྱོགས་གསལ་པོ་བཙུགས་ཏེ“རྣམ་པ་ལྔའི”གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱེད་སྒོ་ནན་ཏན་ངང་སྤེལ་ནས་ཏང་རྩ་འཛུགས་ཀྱི་མ་ལག་དང་། གནས་ཡུལ། རྩ་འཛུགས་ཀྱི་འཚོ་བ་སོགས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་གི་དོན་ཚན་8ལ་སྐུལ་འདེད་ཧུར་ཐག་བཏང་བས། གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀ་དང་ཞབས་འདེགས་ཞུ་ནུས་ཆེ་རུ་ཏན་ཏིག་ཕྱིན་ཡོད་པ་རེད།