དབུ་ཤོག>ཞིང་འབྲོག་གསར་པ།
  • ​རྒྱལ་ཡོངས་ཀྱི་ལས་རིགས་ཞིང་པ་གསར་པ་གྲགས་ཅན་བརྒྱའི་གྲས་ཨ་ནན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-17

    ཟླ་11ཚེས་26ཉིན“རྒྱལ་ཡོངས་ཀྱི་ལས་རིགས་ཞིང་པ་གསར་པ་གྲགས་ཅན་བརྒྱར”རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་འོས་མིའི་མིང་ཐོའི་ནང་རང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་འཇང་གྲོང་ཚོའི་ཨ་ནན་འཁོད་ཡོད་པ་རེད།

    འདི་ལོ་ལོ་30ལ་སླེབས་པའི་ཨ་ནན་གྱིས་ཞིང་ཁ་བཏབ་ནས་ལོ་20ལྷག་ཙམ་སོང་ཡོད།

    འདི་ལོའི་ཟླ་དགུ་པར་ཨ་ནན་གྱིས་ས་མཐོར་ཤིང་ཏོག་པོ་ལུའོ་ཚོད་འདེབས་ལེགས་སྒྲུབ་བྱས་པ་དང་། ཤིང་ཏོག་པོ་ལུའོ་འདེབས་པའི་བརྒྱུད་རིམ་སྐོར་གླེང་ན། ཨ་ནན་དང་ས་ཞིང་དབར་གྱི་ལས་དབང་ནས་འགོ་ཚུགས་ཏེ་བརྗོད་དགོས་ཀྱི་ཡོད།

    ཨ་ནན་ཆུང་དུས་ཁྱིམ་ཚང་གི་ཆ་རྐྱེན་ཡག་པོ་མེད་པ་དང་། ཁྱིམ་དུ་དྲོད་ལེན་གྱི་སྒྲིག་ཆས་མེད། འོན་ཀྱང་ས་བོན་སྐྱེ་འཚར་ཡག་པོ་ཡོང་དགོས་ན་ངེས་པར་དུ་དྲོད་ཚད་འཚམ་པོ་དགོས་པས། བྱིས་དུས་ཀྱི་ཨ་ནན་གྱིས་མཚན་མང་པོར་ས་བོན་པང་དུ་བཟུང་ནས་ཉལ་བཞིན་ཡོད། འདས་དོན་དེ་དག་གླེང་སྐབས་ཨ་ནན་གྱིས“ཆུང་དུས་ས་བོན་ནི་ཧ་ཅང་ཡ་མཚན་ཅན་ཞིག་རེད་བསམ་ཀྱི་འདུག སྐབས་དེ་དུས་ཀྱི་བྱེད་སྟངས་ལ་བསམ་བློ་གཏོང་སྐབས་ད་ཆའང་དེ་ནི་དོན་སྙིང་ལྡན་པར་བསམ་གྱིན་ཡོད”ཅེས་བཤད།

    ཨ་ནན་གྱི་ཕ་ནི་ཆུ་ཤུར་རྫོང་གི་འགྱིག་ཤོག་དྲོད་ཁང་ཆེ་མོར་འདེབས་འཛུགས་བྱེད་མཁན་གྱི་ཞིང་པ་དང་པོའི་གྲས་ཡིན་ལ། ཆུ་ཤུར་རྫོང་གི་ཤིས་ཀྭ་ཚོད་འདེབས་ལེགས་གྲུབ་ཐུབ་མཁན་དང་པོ་དེའང་ཡིན་ཞིང་། ཁོང་གི་གཤམ་ལ་ད་དུང་ཉམས་མྱོང་ཕུན་སུམ་ཚོགས་པའི་ལས་མི་མང་པོ་ཞིག་ཡོད། ཁོར་ཡུག་དེ་འདྲའི་འོག་འཚར་ལོང་བྱུང་བས་ཨ་ནན་གྱིས་ཆུང་དུས་ནས་འདེབས་འཛུགས་ཀྱི་ལག་རྩལ་མང་པོ་ཤེས་པ་མ་ཟད། ད་དུང་ས་ཞིང་ལ་བརྩེ་བ་ཆེན་པོ་འཆང་གི་ཡོད།

    ཨ་ནན་རང་རྐྱ་འཕེར་དུས་ཕས་སེམས་ཐག་ཆོད་པོས་འགྱིག་ཤོག་དྲོད་ཁང་ཆེ་མོ་ཁོ་པར་གཡོག་བྱེད་བྱེད་པར་སྤྲད་པ་རེད། དྲོད་ཁང་ཆེ་མོར་གཡོག་བྱེད་རིང་ཨ་ནན་གྱིས་སློབ་སྦྱོང་ལ་བརྩོན་པ་དང་། ཁོམ་པ་ཡོད་ཚེ་འགྱིག་ཤོག་དྲོད་ཁང་འདེབས་འཛུགས་ཀྱི་འབྲེལ་ཡོད་ཀློག་དེབ་ལྟ་ཀློག་བྱེད་ལ། ཉམས་མྱོང་གསོག་རིང་ཨ་ནན་ལ་འགྱིག་ཤོག་དྲོད་ཁང་ཆེ་མོར་ཤིང་ཏོག་པོ་ལུའོ་འདེབས་རྒྱུའི་བསམ་བློ་འཁོར།

    ལས་ཀ་བྱེད་བསམ་པ་དེ་འཕྲལ་དུ་བྱས་ནས་ཕྱོགས་གང་སར་སྐད་ཆ་དྲིས་རྗེས་ཨ་ནན་གྱིས་ཤིང་ཏོག་པོ་ལུའོ་ཡི་ལྗང་བུ་ས་སོན་ཁག་གཅིག་ཉོས།

    ཤིང་ཏོག་པོ་ལུའོ་ལྗང་བུ་འདེབས་འཛུགས་ལེགས་གྲུབ་བྱུང་རྗེས། ཨ་ནན་གྱིས་རང་གི་ཕྲུ་གུར་ལྟ་སྐྱོང་བྱེད་པ་བཞིན་ཉིན་གཅིག་ལ་ལན་གསུམ་ཙམ་གཡོག་བྱེད་ཞིབ་ཕྲ་བྱས་ཀྱང་ཐོག་མའི་རེ་བ་བཞིན་མ་ཐོན་པར་ལྗང་བུ་མང་པོ་རྙིད་པ་རེད།

    དེས་ན་ཨ་ནན་གྱིས་དྲོད་ཚད་དང་། རླན་ཚད། འདེབས་འཛུགས་བཅས་ཀྱི་ཐད་སྔར་བས་ཤུགས་བརྒྱབ་པ་དང་། ལོ་གཅིག་ལྷག་ཙམ་གྱི་འཚོལ་ཞིབ་བརྒྱུད་སོ་སོས་བཙུགས་པའི་ལྗང་བུའི་གསོན་ཚད་90%ཡན་ཟིན་ཡོད། འདི་ལོའི་ཟླ་དགུ་པར་རང་ཉིད་ཀྱིས་བཏབ་པའི་ཤིང་ཏོག་པོ་ལུའོ་ཐེངས་དང་པོར་བཟའ་རྒྱུ་བྱུང་ཡོད།

    རང་ཉིད་ཀྱི་མི་ཚེ་ཧྲིལ་པོར་གཞོལ་བའི་ཞིང་ལས་ལ་བུ་ཆུང་བས་དེ་ལྟ་བུའི་དགའ་པོ་བྱེད་པ་མ་ཟད། ད་དུང་འབྲས་བུ་བཟང་པོ་ཐོབ་པར། ཨ་ནན་གྱི་ཕ་དགའ་ཞིང་བློ་བདེ་པོ་བྱུང་ནས“བུ་ལ་གྲུབ་འབྲས་བཟང་པོ་འདི་ལྟ་བུ་ཐོབ་པར་ང་རང་སྤོབས་པ་ཆེན་པོ་སྐྱེས་བྱུང་། ད་ཆ་བུ་གཞན་གཉིས་ཀྱིས་ཀྱང་ལས་ཀ་ནས་དགོངས་པ་ཞུས་ཏེ་ཨ་ནན་དང་མཉམ་དུ་འདེབས་འཛུགས་ཀྱི་ལས་ཀར་གཞོལ་འདོད་འདུག”ཅེས་བཤད།

    ཕས་བསྔགས་བརྗོད་ཀྱི་ལྟ་བུ་བྱེད་སྐབས། ཨ་ནན་གྱིས“གལ་ཏེ་ཕ་ལོ་20ཙམ་ཆུང་བ་ཡོད་ན‘རྒྱལ་ཡོངས་ཀྱི་ལས་རིགས་ཞིང་པ་གསར་པ་གྲགས་ཅན་བརྒྱའི’མཚན་སྙན་དེ་ཁོང་ལ་ཐོབ་ངེས་རེད”ཅེས་གད་མོ་དགོད་བཞིན་བཤད།

    བཅར་འདྲི་འཇུག་འགྲིལ་རྗེས་ཨ་ནན་གྱིས“ད་ཆ་གྲོང་ཁྱེར་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ང་ཚོ་ན་གཞོན་ཚོར་ཞིབ་འཇུག་ཐད་ཆ་རྐྱེན་མང་པོ་མཁོ་འདོན་གནང་བྱུང་། ངས་གོ་སྐབས་དམ་འཛིན་བྱས་ནས་མུ་མཐུད་ཚོད་འདེབས་ཁག་གཅིག་བྱས་ཏེ་ས་མཐོའི་མང་ཚོགས་ལ་ཤིང་འབྲས་དེ་བས་མང་བ་དང་། དེ་བས་ཡག་པ་མཁོ་འདོན་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།