སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་དབེན་ཟིམ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་སྟོབས་རྒྱལ་ཁྱིམ་ཚང་གི་འཕོ་འགྱུར་བཀོད་པ།
འདི་ནི་ཚེ་རིང་སྟོབས་རྒྱལ་གྱིས་མཉམ་ལས་ཁང་གི་ལས་མིས་བཏགས་པའི་སྣམ་བུའི་རྒྱུ་སྤུས་ལ་བརྟག་ཞིབ་བྱེད་བཞིན་པ།
འདི་ནི་ཚེ་རིང་སྟོབས་རྒྱལ་གྱིས་གསར་འགོད་པར་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་སུ་ཚུད་པའི་རང་ཁྱིམ་གྱི་སྡོད་ཁང་གསར་པའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་དབེན་ཟིམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་སྟོབས་རྒྱལ་ཁྱིམ་གྱི་དུས་ཐུང་ལོ་བཅུ་གྲངས་ནང་གི་འགྱུར་ལྡོག་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ལོ་40ནང་གི་རང་ལྗོངས་ཀྱི་སོ་ནམ་གྲོང་གསེབ་ཁུལ་གྱི་བསྡུས་རིས་གསལ་པོ་ཞིག་རེད་ཅེས་བརྗོད་ཆོག ས་གནས་དེ་གའི་གྲོང་མི་ཚོས་ཁོང་གི་འདས་སོང་གི་འཚོ་བའི་སྐོར་གླེང་སྐབས། མི་མང་པོས་མགོ་བོ་འཕྲེད་དུ་གཡུག་གིན། སྔོན་ཆད་ཚེ་རིང་སྟོབས་རྒྱལ་གྱི་ཁྱིམ་ཚང་སྐྱོ་པོ་སྐྱོ་པོ་རེད། ཆུང་མ་བླངས་རྗེས་ཁང་པ་རྒྱག་མ་ཐུབ་པར་ལོ་བཅུ་གཉིས་ཙམ་ཁང་གླ་གཡར་ཏེ་བསྡད་པ་དང་། ཕྲུ་གུ་གསུམ་ཡོད་པའང་ཚང་མ་ཁང་གླའི་ནང་དུ་སྐྱེས་པ་རེད་ཅེས་ཟེར་བ་དང་། ཚེ་རིང་སྟོབས་རྒྱལ་གྱི་ད་ལྟའི་འཚོ་བའི་སྐོར་གླེང་སྐབས། གྲོང་མི་མང་པོས་མཐེ་བོང་སྒྲེང་བཞིན། ཁོང་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་མཉམ་ལས་ཐོག་འཚེམ་བཟོ་ཁང་ཞིག་བཙུགས་ཏེ། རང་ཉིད་ཕྱུག་པོའི་ལམ་དུ་བསྐྱོད་པ་ཙམ་མ་ཡིན་པར། གྲོང་ཚོའི་མང་ཚོགས་མང་པོའི་སྣེ་ཁྲིད་དེ་ང་ཚོ་རང་ཡུལ་དུ་ལས་ཞུགས་ཐུབ་པ་དང་ཡོང་འབབ་གསོག་ཐུབ་པ་བྱུང་བས། ངེད་གྲོང་ཚོའང་རྒྱལ་ཡོངས་མི་དམངས་དང་ལྷན་དུ་སྔ་ཙམ་དབུལ་ཞྭ་ཕུད་དེ་འབྱོར་འབྲིང་གི་ལམ་བུར་སྐྱོད་རྒྱུར་ཕན་པ་ཆེན་པོ་སྐྲུན་བཞིན་ཡོད་ཟེར།
རྟག་ཏུ་ཁང་གླ་གཡར་ཏེ་འཚོ་བ་བསྐྱལ་ན་ག་ལ་འགྲིག
ཚེ་རིང་སྟོབས་རྒྱལ་1969ལོར་སྟག་ལུང་གྲོང་རྡལ་དབེན་ཟིམ་གྲོང་ཚོར་སྐྱེས་ཤིང་། ཁོང་གི་ཕ་མ་གཉིས་ལ་ཁྱོན་ཕྲུ་གུ་བུ་མོ་5དང་བུ་4ཡོད་པའི་ཁྲོད། ཁོང་ནི་ཕྲུ་གུ་བཞི་པ་དེ་དང་བུ་བཞི་ཡི་རྒན་མགོ་ཡིན་པ་རེད། 1992ལོར། ཕ་ཡུལ་འགྲམ་མདའ་ཤང་ཤལ་ཤེ་གྲོང་ཚོ་ནས་ཡིན་པའི་ཉི་མ་སྒྲོལ་མ་རང་གི་སྤུན་མཆེད་བྱང་ཆུབ་སྒྲོལ་མའི་གམ་དུ་ལོ་2ཙམ་ཞིང་ལས་ཀྱི་རོགས་བྱས་ནས་སྡོད་རིང་། ཚེ་རིང་སྟོབས་རྒྱལ་དང་ངོ་ཤེས་བྱུང་ཞིང་། རིམ་གྱིས་ཁོང་གཉིས་པོའི་བར་ལ་ལས་འཕྲོའི་མདུད་པ་ཐེབས་ནས་རང་མོས་ངང་གཉེན་བསྒྲིགས།
ཉི་མ་སྒྲོལ་མ་དབེན་ཟིམ་གྲོང་ཚོར་མནའ་མར་ཡོང་དུས། བཙུགས་ཕྲུག་2དང་སླེལ་པོ་2ལུག་8བ་ཕྱུགས་1དང་། གཞན་ད་དུང་ལྕོག་ཙེ་རྙིང་པ་ཡ་གཅིག་ལས་ནང་ཆས་གཞན་འཁྱེར་རྒྱུ་མེད་ཅིང་། ངོ་དྲག་ཤོས་ནི་ཨམ་ཕྲག་ཏུ་བཅུག་པའི་འབྲུ་རིགས་ཉོ་བྱེད་ཀྱི་སྒོར་1000དེ་རེད། ཚེ་རིང་སྟོབས་རྒྱལ་ལ་ཆ་མཚོན་ནས་བཤད་ནའང་། བཙུགས་ཕྲུག་རྙིང་པ་ཆ་གཅིག་དང་། འབྲུ་ཁལ་15ལས་གཞན་བགྲང་དུ་རུང་བའི་ཅ་དངོས་གཞན་འཁྱེར་རྒྱུ་མེད་ལ། གཉེན་བསྒྲིགས་ནས་འཚོ་བ་སྐྱེལ་སའི་སྡོད་ཁང་ལྕམ་གང་ཙམ་ཡང་མེད་པས། གསར་དུ་ཁྱིམ་གཞིས་བཟུང་བའི་ཁྱོ་ཤུག་གཉིས་པོས་ཁང་དཀྱིལ་ཟེར་བའི་དུད་ཚང་ཞིག་གི་འོག་ཁང་ནང་དུ་ཁང་གླ་གཡར་ཏེ་སྡོད་དགོས་བྱུང་།
“ངེད་གཉིས་པོ་གཉེན་སྒྲིག་བྱེད་དུས། ཕྱོགས་གཉིས་ཀའི་ཕ་མས་ཇ་ཆང་དྲངས་ཏེ་ཁ་བཏགས་གཡོགས་པ་ཙམ་ལས། རྟེན་འབྲེལ་གྲ་རྒྱས་པོ་བྱ་རྒྱུ་ལྟ་ཅི། ཐ་ན་སྡོད་སའི་ཁང་པའང་མེད་པས། ངས་རང་གི་ཆུང་མར་མང་པོ་ཆད་ཡོད་པའི་སྣང་བ་བྱུང་། འབྱུང་འགྱུར་ངས་རང་གི་ལག་ཟུང་ལ་བརྟེན་ནས་གང་མགྱོགས་རང་ཉིད་ལ་དབང་བའི་ཁང་པ་ཞིག་རྒྱག་རྒྱུའི་དམ་བཅའ་བཞག་པ་ཡིན”ཚེ་རིང་སྟོབས་རྒྱལ་གྱི་འདས་སོང་གི་འཚོ་བར་མནོ་བསམ་གཏོང་བཞིན་ང་ཚོར་དེ་ལྟར་བཤད།
ཁོང་གིས་བཤད་པ་ལྟར་ན། སྐབས་དེ་དུས་ཀྱི་མང་ཚོགས་སྡོད་ཁང་ལས་དེང་གི་ལྷས་ར་ཡག་པ་ཡོད་ཅིང་། ཁོང་ཁྱོ་ཤུག་གཉིས་ལ་ལྷས་ར་ལྟ་བུའི་ཁང་པ་ཞིག་ཀྱང་མེད་པ་མ་ཟད། འཛིན་ཆས་ཀྱང་ཆ་ཚང་པོ་མེད་པར་ས་ཕག་བརྩིགས་ནས་ཉལ་ཁྲི་བྱས་པ་དང་། ཤོག་སྒམ་སྟོང་པས་གདན་བྱས་ཏེ་འཚོ་བ་བསྐྱལ་ཡང་། ཁོང་གཉིས་པོས་དཀའ་ཚེགས་ཀྱི་འཚོ་བའི་མདུན་དུ་དཔའ་ཞུམ་ནས་མ་བསྡད་པར། རང་ནུས་ཅི་ལྕོགས་ཀྱིས་གྲོན་ཆུང་བསྲི་ཚགས་བྱས་ཏེ། དྲག་ཆར་རླུང་འཚུབ་ཀྱི་ནམ་ཟླ་དུ་མ་འཛུམ་གྱིས་བསུས།
སྐབས་དེ་དུས་ཁོང་གཉིས་ལ་ས་ཞིང་མུའུ་3ལས་མེད་ཅིང་། ཞིང་རྨོ་འདེབས་བྱེད་པར་རྨོན་ཕྱུགས་མེད་པས་གཞན་ལ་གཡར་དགོས་པ་དང་། མུའུ་3ནས་འབྲུ་རྒྱ་མ་300དང་། པད་ཁ་རྒྱ་མ་50ཙམ་གྱི་ཐོན་འབབ་ལས་མེད་པས། འབྲུ་རིགས་མི་འདང་བའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་ཅིང་། རྩམ་པ་དང་། མར། ཤ་སོགས་སྤུན་མཆེད་ཀྱི་གམ་ནས་གཡར་བ་ཐེངས་གཅིག་གཉིས་ག་ལ་ཡིན། ལྷག་པར་དུ་སྟོན་ལས་མཐའ་དག་མི་དང་དུད་འགྲོ་ལ་རྟེན་དགོས་ཀྱི་ཡོད་སྟབས། གཡུལ་ལས་ཁོ་ནར་ཟླ་གཅིག་ཙམ་འགོར་གྱི་ཡོད་པ་དང་། ཞོགས་པ་རྟག་པར་ཆུ་ཟོམ་སྒལ་པར་ཁུར་ནས་ཐག་རིང་ནས་འཐུང་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད་ལ། ལས་བྲེལ་ཆེ་དུས་ཐོ་རེངས་ཆུ་ཚོད་བཞི་པ་ཙམ་ནས་ཆུ་ལེན་པར་འགྲོ་དགོས་པ་མ་ཟད། ཆུ་ཐེངས་གཅིག་ལེན་པར་དུས་ཡུན་སྐར་མ་30ཙམ་འགོར་གྱི་ཡོད་སྟབས། དུས་ཚོད་མང་པོ་ཆུ་ལེན་པའི་ལམ་བར་དུ་ཟད་ཀྱི་ཡོད་པ། ཚེ་རིང་སྟོབས་རྒྱལ་གྱི་སེམས་སུ། རྟག་ཏུ་ཐོན་འབབ་ཉུང་ཉུང་ལས་མེད་པའི་ཞིང་ལས་ཁོ་ན་བྱས་ནས་བསྡད་ན་འཚོ་བར་ཡར་རྒྱས་ཅི་ཡང་མེད་པས། ངེས་པར་དུ་ཚོང་ཙག་ཙིག་བརྒྱབ་སྟེ་ཡོང་འབབ་གསོག་པའི་བསམ་བློ་འཁོར། ཁོང་གིས་དེ་འཕྲལ་ཆུང་མས་འཁྱེར་ཡོང་བའི་འབྲུ་རིགས་ཉོ་བྱེད་ཀྱི་སྒོར་1000ལས་སྒོར་400བཏོན་ཏེ་མང་ཚོགས་ཀྱི་གམ་ནས་བལ་དང་། ར་ལྤགས་ལུག་ལྤགས་ཉོས་ཏེ་ལྷ་སར་འཚོང་བར་ཕྱིན། སྐབས་དེ་དུས་འགྲིམ་འགྲུལ་སྟབས་བདེ་མེད་ལ། ལམ་ཡང་བདེ་པོ་མེད་པས། སྟག་ལུང་གྲོང་རྡལ་ནས་ལྷ་སར་འགྲོ་བར་མ་མཐར་ཡང་ཉིན་གཅིག་ལྷག་འགོར་བ་དང་། གལ་ཏེ་ལམ་ཆུས་ཁྱེར་བའི་གནས་ཚུལ་དང་ཕྲད་ན། ཉིན་གཉིས་གསུམ་འགོར་གྱི་ཡོད། ཚེ་རིང་སྟོབས་རྒྱལ་ལ་ཚོང་རྒྱག་པའི་བསམ་བློ་ཇི་ལྟར་འཁོར་མིན་སྐོར་འདྲི་སྐབས། ཁོང་གིས། “སྐབས་དེ་དུས་སྒྱུར་བཅོས་སྒོ་དབྱེའི་བསིལ་རླུང་དྲོན་མོ་ངེད་ལུང་པར་ལྡང་ནས་ཡུན་རིང་ཕྱིན་མེད་པས། ངེད་གྲོང་རྡལ་དུ་གཞུང་གི་ཚོང་ཁང་གཉིས་གསུམ་ཙམ་དང་། ཟ་ཁང་ཡང་ཐར་ཐོར་ལས་མེད་ཅིང་། ཟ་ཁང་དུ་ཐུག་པ་ཕོར་པ་གང་འཐུང་རྒྱུ་བྱུང་ན་སྐད་གྲགས་ཆེན་པོ་བྱེད་ཀྱི་ཡོད། ལྷག་པར་འཚོ་བའི་མཁོ་ཆས་ཉོ་ས་སྟབས་བདེ་མེད་པས། ངས་དེ་ལྟར་མང་ཚོགས་ཀྱི་གམ་ནས་ར་ལྤགས་ལུག་ལྤགས་ཉོས་ཏེ་ལྷ་སར་ཚོང་བར་འགྲོ་བ་དང་། ལྷ་ས་ནས་ཉེར་མཁོའི་འཚོ་བའི་མཁོ་ཆས་མང་པོ་ཉོས་ཏེ་གྲོང་ཚོར་ཁྱེར་ཡོང་ནས་འབྲུ་རིགས་དང་བརྗེ་པོ་རྒྱག་གི་ཡོད”ཅེས་བཤད།
སྤྱི་ལོ་2004ལོར་ཁོང་གི་ཕ་མས་ཁོང་ལ་ས་སྟོང་ཞིག་སྤྲད་དེ་ཁང་པ་རྒྱག་པའི་སྐུལ་མ་བྱས་ཤིང་། ཁོང་རང་ཉིད་ཀྱི་སེམས་སུའང་རྟག་ཏུ་ཁང་གླ་ཁོ་ན་གཡར་ཏེ་འཚོ་བ་བསྐྱལ་ནས་བསྡད་ན་གྲོང་པ་ཁྱིམ་མཚེས་ལའང་ངོ་ཚ་དགོས་པ་ཞིག་རེད་ལ། ཕྲུ་གུ་གསུམ་པོའང་མུ་མཐུད་གླས་ཁང་དུ་འཚོ་བ་སྐྱེལ་དུ་བཅུག་ན་ག་ལ་འགྲིག་སྙམ་སྟེ། ཁོང་གཉིས་པོས་ད་གཟོད་རང་ཉིད་སྒེར་ལ་དབང་བའི་ཁང་པ་ཞིག་རྒྱག་པའི་སེམས་ཐག་བཅད། ཁོང་ཁྱོ་ཤུག་གཉིས་པོས་དེ་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ས་རྡོ་གསོག་པ་དང་། ཤིང་ཆ་ཉོ་བ་དང་སློང་བ་སོགས་བྱས་ཏེ། ད་གཟོད་རང་ཉིད་སྒེར་ལ་དབང་བའི་ཁང་པ་ཐོག་མ་དེ་བརྒྱབ་ཅིང་། མ་གཞི་ཁང་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་50ཙམ་དང་། ཁང་མིག་གཉིས་ལས་མེད་པས། བཟའ་མི་བུ་ཕྲུག་ལྔ་པོ་འཚང་ཁ་ཤིག་ཤིག་ངང་སྡོད་དགོས་ན་ཡང་། རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ན་འཚོ་བ་ཇེ་དགའ་ཇེ་སྐྱིད་དུ་འགྲོ་རྒྱུ་ཡིན་པའི་སེམས་ཤུགས་ཀྱིས་ཁེངས།
མདུན་སྐྱོད་ཀྱི་ལམ་དུ་འཕེལ་རྒྱས་ཀྱི་བསམ་བློ་མེད་ན་ཕམ་པའི་རྒྱུ།
རང་ཉིད་ལ་དབང་བའི་ཁང་པར་སྤོས་རྗེས། ཁོང་ཁྱོ་ཤུག་གཉིས་པོས་འཚོ་བར་དགའ་ཞེན་ཇེ་ཆེར་ཕྱིན་ཏེ། ཚེ་རིང་སྟོབས་རྒྱལ་གྱིས་མུ་མཐུད་ཚོང་གཉེར་གྱི་ལམ་བུར་ཞུགས་ཏེ་ལྷ་སར་ཚོང་ཟོག་འཐེན་པར་འགྲོ་བ་དང་། ལྷ་ས་ནས་འཐེན་པའི་ཚོང་ཟོག་རྣམས་རྟ་ལ་བཀལ་ནས་ཕུ་མ་བྱང་ཐང་ཁུལ་དུ་འཚོང་བར་སོང་སྟེ་གནས་དེའི་མང་ཚོགས་ཚོའི་ཤ་མར་དང་བརྗེ་པོ་རྒྱག་པ་དང་། ཆུང་མས་ལྷམ་སྒྲོག་བསླས་ཏེ་གཞན་ལ་བཙོངས་ནས་འབྲུ་རིགས་དང་བརྗེ་བ་མ་ཟད། ཞིང་ལས་ཀྱི་ཞོར་དུ་སྟག་ལུང་གྲོང་རྡལ་དུ་གླ་པར་སོང་སྟེ་ཡོང་འབབ་གསོག་བཞིན་ཡོད། ཁོང་གཉིས་པོས་དེ་ལྟར་ཚོང་བརྒྱབ་པའི་ཁེ་སྤོགས་བཀོལ་ནས་ལྷ་ས་ནས་སྒོར་400རི་བའི་ཆ་སྒམ་ཆ་གཅིག་དང་། སྒོར་70རི་བའི་ཚོན་ཁྲ་མེད་པའི་བརྙན་འཕྲིན་ཞིག དེ་མིན་འཛིན་ཆས་ཙག་ཙིག་འགའ་ཉོས་ཏེ། བདེ་སྐྱིད་ཀྱི་ཁྱིམ་གཞིས་སྐྲུན་པའི་ལས་ལ་གཞོལ་བ་མ་ཟད། རྒྱུན་དུ་བསགས་བསགས་གྲུང་གྲུང་གིས་ཕྲུ་གུ་གསུམ་པོ་སློབ་གྲྭར་བཏང་།
སྤྱི་ལོ་2006ལོར་ཚེ་རིང་སྟོབས་རྒྱལ་ལ་བདེ་སྡོད་ལས་གྲྭའི་རྣམ་གྲངས་རགས་ཏེ། ཁང་མིག་5དང་སྨི་ངོས་གྲུ་120ཡོད་པའི་ཁང་པ་གསར་པ་བརྒྱབ། ད་ནི་ཁོང་བཟའ་མི་བུ་ཕྲུག་ལྔ་པོས་སྔོན་ཆད་ལྟར་གུ་དོག་པའི་ཁང་མིག་གཅིག་གཉིས་ཀྱི་ནང་དུ་འཚང་ཁ་ཤིག་ཤིག་བྱ་དགོས་མེད་པར། རང་རང་སོ་སོར་ལྷོད་ཤིག་གེར་ངལ་གསོ་རྒྱག་སའི་གནས་མལ་རེ་བྱུང་བ་རེད། ཚེ་རིང་སྟོབས་རྒྱལ་གྱིས། “མ་གཞི་སྐབས་དེ་དུས་ཁྱིམ་ཚང་གི་ཆ་རྐྱེན་ད་དུང་དེ་འདྲའི་ཡག་པོ་མེད། ཤིང་ཆ་ཉོ་བར་དངུལ་འདང་ངེས་མེད་ལ། ཕྲུ་གུ་རྒན་པ་གཉིས་པོའང་སློབ་གྲྭར་འགྲོ་བཞིན་ཡོད་པས་དངུལ་མེད་ན་འགྲིག་ཐབས་མེད། འོན་ཀྱང་། སྲིད་གཞུང་གི་བདེ་སྡོད་ལས་གྲྭའི་རྣམ་གྲངས་བཟང་པོས་ཤིང་ཆའི་དཀའ་ངལ་ཡོངས་སུ་བསལ་བས། ངས་ད་གཟོད་ཁང་པ་དེ་རྒྱག་ཐུབ་ཙམ་བྱུང”ཞེས་འདས་སོང་གི་གནས་ཚུལ་ལྷུག་པོར་གླེང་བ་དང་། ང་ཚོས་ཁོང་ལ་དཀའ་ངལ་གྱི་མདུན་དུ་དཔའ་མི་ཞུམ་པའི་སྙིང་སྟོབས་དེ་འདྲ་ཇི་ལྟར་བྱུང་མིན་སྐོར་འདྲི་སྐབས། ཁོང་གིས། “མི་ཚེའི་ལམ་དུ་དཀའ་ངལ་མང་པོར་གདོང་གཏད་དགོས་པ་ཨ་ཅང་ཅང་། འོན་ཀྱང་། དཀའ་ངལ་ཕྲད་མ་ཐག་མགོ་བསྒུར་ནས་བསྡད་ན་ག་ལ་འགྲིག ངས་རང་ཉིད་ལ་རྟག་ཏུ། བདེ་སྐྱིད་ནི་དཀའ་སྤྱད་འབད་བརྩོན་བྱེད་མཁན་ལ་དབང་ཞེས་དྲན་སྐུལ་བྱེད་ཀྱི་ཡོད། སྐད་ཆ་དེ་ནི་ངའི་མི་ཚེའི་མན་ངག་ལྟ་བུ་ཞིག་ཡིན”ཞེས་བརྗོད།
བདེ་སྡོད་ལས་གྲྭའི་ཁང་པ་བརྒྱབ་རྗེས། ཚེ་རིང་སྟོབས་རྒྱལ་གྱིས་གྲོང་ཚོར་ཆུ་གློག་འཁྲིད་པའི་གོ་སྐབས་དམ་འཛིན་གྱིས་ཁྱིམ་དུ་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་དང་། གློག་མདོང་། གློག་གི་ཞོ་མདོང་སོགས་ཉོས་ཏེ་དེང་རབས་འཕྲུལ་ཆས་ཀྱིས་སྲོལ་རྒྱུན་གྱི་འཛིན་ཆས་རྙིང་པའི་ཚབ་བྱས་པ་དང་། སྲིད་གཞུང་གིས་ཁྱིམ་ཚང་སོ་སོའི་སྒོ་རར་ཆུ་ཀ་ལ་ཡང་བཙུགས་པས། སྔོན་ཆད་ལྟར་ཆུ་ཟོམ་སྒལ་པར་ཁུར་ནས་ལམ་ཐག་རིང་པོའི་སར་འཐུང་ཆུ་ལེན་པར་འགྲོ་དགོས་མེད། དཔལ་འབྱོར་གོང་འཕེལ་འགྲོ་བ་དང་བསྟུན་ནས་ཚེ་རིང་སྟོབས་རྒྱལ་གྱི་ཚོང་གཉེར་ལམ་བུར་ཡང་འགྲན་རྩོད་ཆེན་པོ་བྱུང་བ་སྟེ། ད་ལྟ་སྟག་ལུང་གྲོང་རྡལ་ཙམ་མ་ཟད། དབེན་ཟིམ་གྲོང་ཚོར་ཡང་སྒེར་གྱི་ཚོང་ཁང་ལྔ་དྲུག་ཡོད་པས། ཚེ་རིང་སྟོབས་རྒྱལ་ལ་ཆ་མཚོན་ན་སྔོན་ཆད་ལྟར་ཚོང་ཙག་ཙིག་བརྒྱབ་ནས་བསྡད་ན་ག་ལ་འགྲིག ཁོང་གིས།“2007ཚུན་ཆད་དུ་ང་ཚོའི་གྲོང་ཚོར་སྒེར་གྱི་ཚོང་ཁང་འཛུགས་མཁན་མང་པོ་བྱུང་བས། ངའི་ཚོང་ཟོག་ཀྱང་སྔོན་ཆད་དང་བསྡུར་ན་བྲིན་ཁ་དེ་ཙམ་རྒྱུག་པོ་མ་བྱུང་། ད་ཆ་གཞུང་ལམ་ཁོད་ཡངས་ལ་འགྲིམ་འགྲུལ་ཡང་སྟབས་བདེ་བས། ངས་མདུན་སྐྱོད་ཀྱི་བསམ་བློ་མེད་པར་སྔོན་ཆད་ཀྱི་ལམ་རྙིང་པ་དེ་རང་ལ་ཕྱིན་ན་མི་འགྲིག་པ་ཤེས་བྱུང་། ཡང་གཅིག་བཤད་ན། མདུན་སྐྱོད་ཀྱི་ལམ་དུ་འཕེལ་རྒྱས་ཀྱི་བསམ་བློ་མེད་ན་ཕམ་པའི་རྒྱུ་ཁོ་ན་ཡིན་པས། ངས་དེ་འཕྲལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ནས། མི་ཚེའི་ལམ་བུ་གསར་པ་ཞིག་འཚོལ་བར་འབད་པ་ཡིན”ཞེས་བཤད།
མཉམ་ལས་ཁང་བཙུགས་ནས་མང་ཚོགས་དང་ལྷན་དུ་འབྱོར་འབྲིང་གི་ལམ་དུ་ཞུགས་པ།
ཚེ་རིང་སྟོབས་རྒྱལ་གྱི་དཀའ་ངལ་ལ་མགོ་མི་སྒུར་བའི་ཡར་ཐོན་གྱི་སྙིང་སྟོབས་དང་། རིག་གནས་ཀྱི་རྨང་གཞིའི་བྱང་ཚད། ལས་ཀའི་འགན་སེམས་སོགས་ལ་གཞིགས་ནས། སྤྱི་ལོ་2011ལོར་ཁོང་དབེན་ཟིམ་གྲོང་ཚོའི་ཀྲུའུ་རེན་ལ་བདམས། གྲོང་ཚོའི་ཀྲུའུ་རེན་ལ་བདམས་པ་ནས་བཟུང་། ཚེ་རིང་སྟོབས་རྒྱལ་བྲེལ་འཚུབ་ཇེ་ཆེར་སོང་། ཁོང་གིས། “མང་ཚོགས་ཀྱིས་ང་ལ་ཡིད་ཆེས་གནང་སྟེ་གྲོང་ཚོའི་ཀྲུའུ་རེན་ལ་བདམས་པས། ངས་ཀྱང་མང་ཚོགས་ལ་ཕན་པའི་དོན་དག་སྒྲུབ་དགོས་ངེས་རེད། ང་ཚོའི་གྲོང་ཚོར་ཆ་མཚོན་ན། བལ་འབེལ་པོ་དང་ཡག་པོ་ཡོད་པས། སྔོན་ཆད་ལྟར་བལ་ཕྱིར་ཚོང་བྱེད་པ་ལས། ང་ཚོ་རང་ཉིད་ཀྱིས་ལག་བསྒུལ་ནས་བོད་ལུགས་ཀྱི་སྣམ་བུའི་གྱོན་ཆས་བཟོས་ནས་ཕྱིར་ཚོང་བྱས་ན། ཡོང་འབབ་ངེས་ཅན་ཡོང་རྒྱུ་གཏན་འཁེལ་ཡིན་པས། ངའི་སེམས་ལ་བལ་ལས་བཟོ་གྲྭ་ཞིག་འཛུགས་པའི་བསམ་བློ་འཁོར་བྱུང”ཞེས་བཤད།
ཁོང་ནི་བསམ་ཕོད་པ་དང་། སྨྲ་ནུས་པ། སྒྲུབ་ཕོད་པའི་མི་ཞིག་ཡིན་ཏེ། བལ་ལས་བཟོ་གྲྭ་ཞིག་འཛུགས་པའི་བསམ་བློ་འཁོར་མ་ཐག་དེ་མ་ཉིད་དུ་ལག་ལེན་བསྟར་ནས། 2014ལོའི་ལོ་འགོར་ཕ་ཡུལ་དུ་དབེན་ཟིམ་ཡུལ་ལྷན་ཆེད་ལས་འཚེམ་བཟོ་ཁང་བཙུགས། འོན་ཀྱང་། ལས་ཀ་ཅི་ཞིག་བྱས་ཀྱང་ཐོག་མར་འགོ་འཛུགས་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན་ཏེ། ཁོང་ལ་མཉམ་ལས་ཁང་གཉེར་སའི་ཁང་པ་སྦར་མཐིལ་ཙམ་ཡང་མེད་པ་དང་། སྒྲིག་ཆས་ཆ་ཚང་པོ་མེད་པ། མ་དངུལ་ཡང་འདང་ངེས་ཤིག་མེད་སྟབས། ཉིན་མཚན་མང་པོའི་རིང་ཁོང་གི་སེམས་པ་མཚོ་ཐོག་གི་གཡོར་གྲུ་བཞིན་ལང་ལོང་ངང་གཡོས་ཏེ་ལྷོད་ལ་གཏན་ནས་འབབ་ཐབས་བྲལ། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར། ཁོང་གིས་ད་གཟོད་བདེ་སྡོད་ལས་གྲྭའི་རྣམ་གྲངས་ཁོངས་སུ་ཚུད་པའི་རང་གི་སྡོད་ཁང་བཤིགས་ནས་དབེན་ཟིམ་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་མཉམ་ལས་ཁང་གཉེར་བའི་སེམས་ཐག་བཅད་ཅིང་། ཁྱིམ་ཚང་དང་མཉམ་ལས་ཁང་གཅིག་ལྕོགས་བྱས་ཏེ། རང་གིས་སྒོར་ཁྲི་30བཏོན་པའི་རྨང་གཞིའི་ཐོག སྣ་དཀར་རྩེ་རྫོང་དབུལ་སྐྱོར་གཞུང་དོན་ཁང་ནས་མཉམ་ལས་ཁང་རྒྱག་ཆེད་མ་དངུལ་སྒོར་ཁྲི་40ཙམ་གྱི་རོགས་དངུལ་གནང་བས། 2015ལོར་སྨི་ངོས་གྲུ་368ཅན་གྱི་ད་ལྟའི་མཉམ་ལས་ཁང་འདི་དངོས་སུ་བརྒྱབ་ཚར་བ་དང་། ཁང་པ་བརྒྱབ་རྗེས་སྲིད་གཞུང་ནས་ཐགས་ཁྲི་དང་འཁོར་འཚེམ་སོགས་སྒྲིག་ཆས་ཉོ་ཆེད་མ་དངུལ་སྒོར་ཁྲི་6ཙམ་གནང་བས། ད་གཟོད་མཉམ་ལས་ཁང་གི་ཁང་པ་དང་། སྒྲིག་ཆས་སོགས་ཀྱི་གནད་དོན་ཡོངས་སུ་ཐག་གཅོད་ཐུབ་པ་རེད།
མཉམ་ལས་ཁང་དངོས་སུ་བཙུགས་པས། དབེན་ཟིམ་གྲོང་ཚོར་ཁྱོན་དུད་ཚང་67ཡོད་པ་ལས། ཁྱིམ་ཚང་དབུལ་པོའི་གྲོང་མི་དང་ཡུལ་གཞན་དུ་གླ་པར་འགྲོ་མ་ཐུབ་པའི་དུད་ཚང་30ཙམ་གྱི་མང་ཚོགས་མཉམ་ལས་ཁང་དུ་ལས་ཞུགས་ཐུབ་པ་དང་། ཁོང་ཚོ་སྟོན་དཔྱིད་ལས་བྲེལ་ཆེ་དུས་ཞིང་ལས་བྱེད་པ་ཕུད་དེ་བྱིངས་ཀྱི་དུས་ཚོད་ཕལ་ཆེ་བ་རང་ཡུལ་དུ་ཆགས་པའི་མཉམ་ལས་ཁང་དུ་ལས་ཀ་བྱ་ཆོག་ཅིང་། ཁོང་ཚོས་འབོལ་གདན་དང་། སྒོ་ཡོལ། བོད་ལུགས་ཀྱི་གྱོན་ཆས་ཏེ། སྣམ་བུའི་སྟོད་ཐུང་དང་། དོར་མ། ཕྱུ་པ། ཟོམ་པ་སོགས་བཙེམས་ནས་ཕྱིར་ཚོང་བྱས་པར། 2015ལོར་མཉམ་ལས་ཁང་ལ་ལས་མིའི་གླ་ཆ་ཕུད་ཁེ་བཟང་ཡོང་འབབ་སྒོར་ཁྲི་4ཙམ་བྱུང་བ་དང་། 2016ལོར་སྒོར་ཁྲི་12ཙམ་དང་། 2017ལོར་སྒོར་ཁྲི་14ཙམ། 2018ལོའི་ཟླ་10པ་བར་སྒོར་ཁྲི་16ལྷག་བྱུང་བ་རེད། ཁོང་གིས་ལས་མིར་ཉིན་གླ་སྒོར་130སྤྲོད་པ་དང་། ལོ་ལྟར་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་སྒོར་25000གོང་འབུལ་བྱེད་ཀྱི་ཡོད་ལ། ཡོང་འབབ་ཁེར་གཙང་ནས་ལོ་ལྟར་འོང་སྐོར་རིང་གྲོང་ཚོའི་རྟ་པ་དང་། ཐག་པ་འཐེན་མཁན། ཞབས་བྲོ་འཁྲབ་མཁན་ལ་བྱ་དགའི་དངུལ་སྒོར་17000སྤྲོད་པ་དང་། སྦྱངས་འབྲས་ལེགས་པའི་སློབ་མར་སྒོར་ཁྲི1གི་བྱ་དགའི་དངུལ་སྤྲོད་ཀྱི་ཡོད་ལ། ལོ་གསར་སྐབས་སྒོར་ཁྲི་2ལྷག་གི་འཚམས་འདྲིའི་དངོས་པོ་ཉོས་ནས་དུད་ཚང་67ཚང་མར་འཚམས་འདྲི་བྱེད་བཞིན་ཡོད་པས། མཉམ་ལས་ཁང་གིས་མང་ཚོགས་དུ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད། གྲོང་ཚོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་རང་ནུས་ཅི་ལྕོགས་ཀྱིས་སྲི་ཞུ་ཧུར་ཐག་སྒྲུབ་བཞིན་ཡོད།
2014ལོ་ནས་བཟུང་ཚེ་རིང་སྟོབས་རྒྱལ་དབེན་ཟིམ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བསྐོ་བཞག་བྱས་ཤིང་། ཁོང་གིས་ཆུ་འཐུང་དུས་ཁྲོན་པ་དྲུད་མཁན་མ་བརྗེད་པ་དང་། སྐྱིད་པོ་ཆགས་དུས་དཀའ་སྡུག་མ་བརྗེད་པ་བྱས་ཏེ། རང་ཉིད་ཕྱུག་པོའི་ལམ་དུ་བསྐྱོད་པ་ཙམ་མ་ཡིན་པར། གྲོང་ཚོའི་མང་ཚོགས་ཚོའི་སྣེ་ཁྲིད་དེ་ཐུན་མོང་འབྱོར་ཕྱུག་གི་ལམ་དུ་སྐྱོད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
2018ལོར་སྟག་ལུང་གྲོང་རྡལ་ལ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་གསར་སྐྲུན་གྱི་རྣམ་གྲངས་ཐོབ་པ་དང་། ཚེ་རིང་སྟོབས་རྒྱལ་གྱིས་རང་ཉིད་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ངོས་ནས། མང་ཚོགས་ཚོའི་སྣེ་ཁྲིད་དེ་རང་འགུལ་ངང་སྡོད་ཁང་གསར་པ་རྒྱག་རྒྱུའི་རེ་ཞུ་ཕུལ་བ་དང་སྦྲགས། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་ཞུགས་ཏེ། 2018ལོའི་ཟླ་6པར་སྡོད་ཁང་རྒྱག་འགོ་ཚུགས་པ་དང་ད་ལྟ་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད། ལྷག་པར་དུ་2013ལོ་དང་2014ལོ། 2015ལོར་སྔ་ཕྱིར་ཞིང་ལས་གསར་སྤེལ་ཐེངས་གསུམ་བྱས་པར། ཚེ་རིང་སྟོབས་རྒྱལ་ནས་གཙོས་པའི་དབེན་ཟིམ་གྲོང་ཚོའི་མང་ཚོགས་ཚོའི་འབྲུ་རིགས་ཐོན་འབབ་བཟང་པོ་བྱུང་སྟེ། སྔོན་ཆད་ལྟར་འབྲུ་རིགས་མི་འདང་བའི་གནས་ཚུལ་ཐོན་རྒྱུ་ལྟ་ཅི། ཁྱིམ་ཚང་སོ་སོའི་མཛོད་ཁང་དུ་ནང་འབྲུ་རིགས་བྱུར་བུར་གཏམས་ཡོད་ཅིང་། རིམ་གྱིས་ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་པས། དུད་འགྲོའི་ངལ་ཤུགས་ལ་རྟེན་དགོས་མེད་སྟབས་སྟོན་ཁ་གཡུལ་ལས་བྱེད་པར་ཉིན་ལྔ་དྲུག་ལས་འགོར་གྱི་མེད།
ད་ལྟ། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་སུ་ཚུད་པའི་ཚེ་རིང་སྟོབས་རྒྱལ་གྱི་སྡོད་ཁང་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་། ཁྱིམ་དུ་བརྙན་འཕྲིན་དང་། འཁྱག་སྒམ། འཁྲུད་འཁོར་སོགས་དེང་དུས་ཀྱི་འཛིན་ཆས་ཆ་ཚང་ལ་སྤུས་ཀ་ལེགས་པ་མ་ཟད། ཁོང་རང་ཉིད་ལ་སྒེར་གྱི་རླངས་འཁོར་ཡོད་ལ། བུ་མོ་རྒན་པ་སློབ་ཆེན་ནས་མཐར་ཕྱིན་ཏེ་གཞུང་ཞབས་པའི་ཡིག་རྒྱུགས་གཏོང་བའི་སྟ་གོན་བྱེད་བཞིན་ཡོད་ཅིང་། བུ་མོ་ཆུང་བ་ལྷོ་ཁ་གྲོང་ཁྱེར་མཐོ་འབྲིང་གཉིས་པ་དང་བུ་སྣ་དཀར་རྩེ་སློབ་འབྲིང་དུ་སློབ་གྲྭ་འགྲིམ་བཞིན་ཡོད་པས། སྔོན་ཆད་དབུལ་ཞིང་ཕོངས་པའི་ཁྱིམ་ཚང་དེ་ད་ལྟ་ཀུན་གྱིས་ཡིད་སྨོན་འཆོར་ཡུལ་དང་། བསྟོད་པའི་མེ་ཏོག་གཏོར་ཡུལ་དུ་གྱུར་ཡོད་པ་རེད།
ཚེ་རིང་སྟོབས་རྒྱལ་ཙམ་མ་ཡིན་པར། ད་ལྟ་དབེན་ཟིམ་གྲོང་ཚོའི་མང་ཚོགས་ཀྱི་སྡོད་ཁང་གཅིག་ལས་གཅིག་རྒྱ་ཆེ་ལ་བཀྲག་མདངས་ཆེ་བ་དང་། དུད་ཚང་50%ཡན་གྱི་ལོ་རེའི་ཡོང་འབབ་ཀྱང་སྒོར་ཁྲི་10ལས་བརྒལ་གྱི་ཡོད་པས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་གནས་དེའི་མང་ཚོགས་ཚོས་དུས་རབས་གསར་པའི་སྲིད་བཟང་གི་ཉིན་བྱེད་དྲོན་མོ་ལོངས་སུ་སྤྱོད་ཞོར། མུ་མཐུད་རང་གི་ལག་ཟུང་དྲོན་མོའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་གཞོལ་བཞིན་མཆིས་སོ།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣