འདི་ལོ་ལོ་46ལ་སླེབས་པའི་པད་མ་དབྱངས་ཅན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་ནགས་སྒང་གྲོང་ཚོ་ནས་ཡིན་ཞིང་། ད་ཆ་གྲོང་ཚོའི་བུད་མེད་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཁོང་གིས་གསར་གཏོད་བྱེད་ཕོད་པ་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཏེ“གཉིས་ལྡན་དུད་སྦྲེལ”གཏོད་འཛུགས་ལས་དོན་དང་ཟུང་འབྲེལ་གྱིས་གྲོང་ཚོ་ཡོངས་ཀྱི་བུད་མེད་མང་ཚོགས་ཀྱི་སྣེ་འཁྲིད་དེ་ལས་གཏོད་བྱས་པས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད།
2016ལོ་ནས་བཟུང་། གྲོང་གསར་ཤང་ཏང་ཨུད་དང་སྲིད་གཞུང་གིས་སྲོལ་རྒྱུན་གྱི་ལས་ཤེས་བཟོ་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཤང་ཡོངས་ཀྱི་གོང་འོག་ཚང་མས་ལས་སྒྲུབ་ལས་གཏོད་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུར་ལྕག་སྐུལ་བཏང་བ་རེད། གོ་སྐབས་དང་འཕྲད་པའི་པད་མ་དབྱངས་ཅན་གྱིས་བརྩོན་ལེན་ཧུར་ཐག་བྱས་ཏེ་རང་སྐྱོང་ལྗོངས་དང་། ཉིང་ཁྲི་གྲོང་ཁྱེར། ཀོང་པོ་རྒྱ་མདའ་རྫོང་བཅས་སུ་དངོས་སུ་ལྟ་སྐོར་སློབ་སྦྱོང་ལ་ཐེངས་མང་བསྐྱོད་ཡོད། ལྟ་སྐོར་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་ཁོང་གི་མཐོང་རྒྱ་སྔར་བས་ཆེ་རུ་སོང་བ་མ་ཟད། འཇོན་ཐང་ཡང་ཆེ་རུ་ཕྱིན་པས་གྲོང་ཚོའི་བུད་མེད་མང་ཚོགས་ཀྱི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུའི་བློ་ཁོག་དང་གདེང་ཚོད་ཆེ་རུ་སོང་ཡོད། ཁོང་གིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྒྱ་སྟོབས་ཆེ་རུ་བཏང་ནས་བུད་མེད་མང་ཚོགས་དེ་བས་མང་བ་ལས་སྒྲུབ་ལས་གཏོད་དང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་བྱ་རྒྱུའི་བློ་ཐག་བཅད། དེས་ན་ཁོང་གིས་ལྕགས་ཚ་ཐོག་ལ་རྡུང་བའི་དཔེ་ལྟར་བུད་མེད་ཀྱི་སྣམ་བུ་འཐག་པའི་ལས་གཏོད་རྟེན་གཞི་ཞིག་བསྐྲུན་པ་མ་ཟད་2016ལོར་སླར་ཡང་སྣམ་བུ་ལས་སྣོན་མཉམ་ལས་ཁང་ཞིག་བཙུགས།
ཁོང་གི་སྣམ་བུ་ལས་སྣོན་མཉམ་ལས་ཁང་བསྐྲུན་མ་ཐག་པའི་སྐབས་མི་འགའ་ཤས་ལས་མེད་ཅིང་། ལོ་གཅིག་འཕེལ་རྒྱས་བཏང་བ་བརྒྱུད་མཉམ་ལས་ཁང་ལ་ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་33ལས་ཞུགས་ཐུབ་པའི་ནང་བུད་མེད་29ཡོད་པ་རེད། དེས་གྲོང་ཚོའི་ངལ་ནུས་ལྷག་མ་ལས་ཞུགས་ཐུབ་པར་མ་ཟད། ཡུལ་དེ་གའི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་ལས་སྟེགས་བསྐྲུན་ཡོད།
མང་ཚོགས་དབུལ་པོ་དེ་བས་མང་བ་མཉམ་ལས་ཁང་དུ་ཞུགས་ཐུབ་པར་བྱ་ཆེད། པད་མ་དབྱངས་ཅན་གྱིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ་ཕྱོགས་མང་མཐུན་སྦྱོར་བྱས་པ་བརྒྱུད། “མཉམ་ལས་ཁང་+ཞིང་དུད+བུད་མེད་ཀྱི་ལས་གཏོད་དཔེ་སྟོན་རྟེན་གཞི”བཅས་ཀྱི་ཐོན་སྐྱེད་གཉེར་སྐྱོང་རྣམ་པ་ཞིག་འཚོལ་ཞིབ་ཐུབ་ཡོད།
མཉམ་ལས་ཁང་ལ་དོ་དམ་ཡག་པོ་བྱས་ཏེ་ཚང་མའི་སྣེ་འཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པ་ཕུད། པད་མ་དབྱངས་ཅན་གྱིས་ད་དུང་རྟག་ཏུ་རང་ཉིད་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཡིན་པའི་འགན་འཁྲི་སེམས་ལ་བརྟན་པོར་ངེས་ནས་བུད་མེད་ཀྱི“སྐྲན་ནད་གཉིས”སྔོན་འགོག་དང་སྨན་བཅོས་རོགས་སྐྱོབ་སོགས་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ་གྲོང་ཚོའི་བུད་མེད་དབུལ་པོ་རྣམས་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་ལོག་རྒྱག་པའི་གནད་དོན་ནུས་ལྡན་ངང་བསལ་བ་མ་ཟད། ལོ་ལྟར་བོད་ཀྱི་ལོ་གསར་སྐབས་གྲོང་ཚོའི་ནང་འཁོས་ཀ་ཞན་པའི་ཁྱིམ་ཚང་ལ་ལྟ་རྟོག་འཚམས་འདྲི་བྱས་ནས་ཁོང་ཚོར་སེམས་ཁུར་དང་དྲོ་སྐྱིད་སྟེར་གྱི་ཡོད།
ལོ་འདི་དག་རིང་། པད་མ་དབྱངས་ཅན་གྱིས་དཀའ་སྤྱད་དང་བློ་རིག་ལས་མང་ཚོགས་དབུལ་པོར་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏིང་ཡོད་པ་དང་། ཁོང་ལ་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བུད་མེད་འཇོན་ཐང་ཅན་དང་། ཀོང་པོ་རྒྱ་མདའ་རྫོང་གི“གཉིས་སློབ་གཉིས་བསྡུར”གྱི་བུད་མེད་འཇོན་ཐང་ཅན། ཀོང་པོ་རྒྱ་མདའ་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕུལ་བྱུང་ལས་དོན་པ་སོགས་ཀྱི་མཚན་སྙན་ཐོབ་ནས་ཡུལ་དེ་གར་བུད་མེད་ཀྱིས་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད།