དབུ་ཤོག>ཞིང་འབྲོག་གསར་པ།
  • སྤེན་པ་ཚེ་རིང་གི་ཕྱུག་འགྱུར་ཐབས་ལམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-12-10

    དེ་སྔོན་དབུལ་པོའི་དུད་ཁྱིམ་ཡིན་པའི་སྤེན་པ་ཚེ་རིང་གི་ཡིད་ལའང་འཁོར་མྱོང་མེད་པ་ནི་ད་ཆ་དབུལ་ཞྭ་ཕུད་ཐུབ་པ་མ་ཟད། སྒོ་རྩར་མེ་ཏོག་འདེབས་སྟངས་སྦྱོང་མཁན་ལ་མཛུབ་ཁྲིད་དང་ཁོང་རང་ཉིད་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་པ་དེ་རེད། ས་གནས་དེ་གའི་མང་ཚོགས་ཀྱི་སེམས་ནང་ཁོང་ནི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་དཔེ་མཚོན་མི་སྣ་ཞིག་རེད། སྤེན་པ་ཚེ་རིང་རང་ཉིད་ཀྱང་ཡིད་ཆེས་དཀའ་བའི་འགྱུར་ལྡོག་དེ་ནི་ཁོང་གིས་མེ་ཏོག་འདེབས་འཛུགས་ལ་བཅངས་པའི་དགའ་སྣང་ལས་བྱུང་བ་ཞིག་རེད།

    དགུན་སྡོད་ཀྱི་ཉིན་ཞིག་གསར་འགོད་པ་དང་བཅས་པ་གྲོ་མོ་རྫོང་གྲོ་མོ་སྨད་ཤང་རིན་ཆེན་སྒང་གྲོང་ཚོར་འབྱོར་བ་དང་། སྤེན་པ་ཚེ་རིང་གི་ཁྱིམ་ལ་འཛུལ་མ་ཐག་མེ་ཏོག་གི་དྲི་ཞིམ་སྣ་ལམ་དུ་ལྷང་ལྷང་འཐུལ་འོངས་པ་དང་ཁྲ་ཆིལ་མེ་ཏོག་མཚར་པོ་འདྲེན་བྱེད་དུ་ཁྲ་འཁྱིལ་ལེར་འཆར། ཁོང་གིས་མེ་ཏོག་ལ་ཆུ་གཏོར་བཞིན་མཆིས།

    སྤེན་པ་ཚེ་རིང་ནི་རིན་ཆེན་སྒང་གྲོང་ཚོའི་དུད་ཁྱིམ་དབུལ་པོའི་གྲས་ཤིག་ཡིན་པ་དང་། སྔོན་མ་ཁོང་གི་ཁྱིམ་ལ་དཔལ་འབྱོར་གྱི་ཡོང་ཁུངས་ཉུང་བས་ཁྱིམ་གྱི་འཁོས་ཀ་ཧ་ཅང་ཞན་པོ་ཡོད། “ཞིང་ཁ་བཏབ་པ་དང་ཕྱུགས་འཚོས་ན་ཡོང་འབབ་ག་རེ་ཡོད་དམ། ནང་མི་གང་པོའི་ལྟོ་གོས་འཕྱིད་ཙམ་ལས་མེད”

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ“དུང་སྒྲ”བསྒྲགས་རྗེས། གྲོང་ཚོའི་མི་ཚང་མས་ངར་ཤུགས་བསྒྲིམས་པ་དང་། སོ་སོའི་ཁྱིམ་གྱི་དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཆེད། སྤེན་པ་ཚེ་རིང་གིས་ཀྱང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་རྒྱུའི་ཐད་བསམ་བློ་བཏང་བ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་བསྟུད་མར་སྤེལ་བ་དང་བསྟུན་ཏང་གི་དམངས་ཕན་སྲིད་ཇུས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་མཚོན་སོགས་སྐོར་གྱི་གྲོ་མོ་རྫོང་གི་དྲིལ་བསྒྲགས་རྫོང་ཡོངས་ཀྱི་གྲོང་ཚོ་དང་དུད་ཚང་ཀུན་ལ་རིམ་གྱིས་ཁྱབ་ཅིང་། སྤེན་པ་ཚེ་རིང་གིས་ཀྱང་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར་རང་ཉིད་ཀྱི་མེ་ཏོག་འདེབས་པའི་དགའ་ཕྱོགས་ཡིད་ལ་འཁོར་ནས་ལས་ཀ་དེ་བྱེད་རྒྱུའི་སེམས་ཐག་བཅད།

    2007ལོར། གྲོང་ཚོའི་ལས་བྱེད་པའི་རོགས་རམ་ལ་བརྟེན་ནས་སྤེན་པ་ཚེ་རིང་གིས་ཤང་སྲིད་གཞུང་ལ་སྨི་ངོས་གྲུ་150ཟིན་པའི་དྲོད་ཁང་ཞིག་རེ་ཞུ་བྱས་ཏེ་མེ་ཏོག་འདེབས་འགོ་ཚུགས། “གྲོ་མོ་རྫོང་གི་གནམ་གཤིས་ལེགས་པས་མེ་ཏོག་འདེབས་རྒྱུར་ཧ་ཅང་འཚམ་ལ་ཁེ་བཟང་ཡང་མང་པོ་ཡོད། ད་ཆ་ཚང་མའི་འཚོ་བ་ཡག་ཏུ་ཕྱིན་པས་ཁྱིམ་དུ་མེ་ཏོག་སྒྲིག་གཤོམ་བྱ་རྒྱུར་དང་དོད་ཆེ་བས། འཚོང་མི་ཐུབ་པའི་སེམས་ཁྲལ་གཏན་ནས་མེད”ཅེས་ཁོང་གིས་བཤད།

    མེ་ཏོག་སྐྱེ་འཚར་ཡག་པོ་ཡོང་ཆེད། སྤེན་པ་ཚེ་རིང་གིས་རང་ཁྱིམ་གྱི་སྒོ་རའི་ནང་མེ་ཏོག་བཏབ་པ་རེད། “སྔོན་ལ་ཁྱིམ་དུ་མེ་ཏོག་ཁ་ཤས་ཚོད་ལྟའི་ངང་བཏབ་ནས་ཉམས་མྱོང་བསགས་པ་དང་འདེབས་རྩལ་ཁོང་དུ་བརྟན་པོ་ཆུད་རྗེས། ད་གཟོད་དྲོད་ཁང་དུ་མེ་ཏོག་འདེབས་ས་རྒྱ་སྐྱེད་བཏང་སྟེ་གཏན་ནས་མི་འཕྱུག་པ་བྱས་པ་ཡིན”ཞེས་སོ་སོའི་ཉམས་མྱོང་བཤད།

    2012ལོར། སྤེན་པ་ཚེ་རིང་རང་ཉིད་ཀྱིས་གསོས་པའི་མེ་ཏོག་གཞིས་རྩེར་འཁྱེར་ཡོང་བ་དང་། “གཞིས་རྩེ་གྲོང་ཁྱེར་གྱི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན”དུ་ཚོད་ལྟའི་ངང་བཙོངས་པ་ཡིན། “བསམ་ཡུལ་ལས་འདས་པར་མེ་ཏོག་དེ་དག་གཟའ་འཁོར་གཅིག་ཀྱང་མ་འགོར་བར་ཚང་མ་བྲིན་ནས། ཡོང་འབབ་སྒོར་ཁྲི་3ལྷག་ཙམ་རག་བྱུང་། དེ་སྔོན་རྫོང་དུ་འཚོང་བ་ལས་གྲོ་མོ་ནས་ཐོན་མྱོང་མེད། དེ་དུས་ཚོང་ཧ་ཅང་བྲིན་པོ་བྱུང”ཞེས་སྤེན་པ་ཚེ་རིང་གིས་བཤད།

    མེ་ཏོག་ཁྲོམ་རར་བྲིན་ཁ་རྒྱུག་པས་སྤེན་པ་ཚེ་རིང་གི་མེ་ཏོག་འདེབས་པའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན། ད་ཆ་ཁོང་གི་དྲོད་ཁང་ནང་ས་གནས་དེ་གའི་མེ་ཏོག་སྣ་ཚོགས་ཡོད་པ་མ་ཟད། ད་དུང་སྟག་མ་མེ་ཏོག་དང་། རྒྱ་སེ། ཨ་བྷི་ཥའི་མེ་ཏོག་སོགས་སྣ་ཁ་20ལྷག་ཙམ་ཡོད། “ཚང་མ་རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་བཏབ་པ་ཤ་སྟག་ཡིན”

    འདེབས་འཛུགས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་འདེབས་འཛུགས་ལག་རྩལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་དང་ལོ་དེ་དག་ནང་སྤེན་པ་ཚེ་རིང་ལ་རང་ཉིད་ཀྱི་དམིགས་བསལ་འདེབས་འཛུགས་བྱེད་ཐབས་ཆ་ཚང་ཞིག་ཡོད་པ་རེད།

    “ལོ་ལྟར་དུས་ཆེན་སྐབས་ནི་མེ་ཏོག་བྲིན་ཁ་རྒྱུག་ཤོས་ཀྱི་དུས་ཡིན་པས་ཉིན་ལྟར་མེ་ཏོག་ཁོག་མ་50ལྷག་ཙམ་འཚོང་ཐུབ་པ་དང་ཟླ་གཅིག་ལ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་1ལྷག་ཟིན་ནས་དཔལ་འབྱོར་གྱི་ཕན་འབྲས་ཅུང་ལེགས་པོ་བྱུང”ཞེས་སྤེན་པ་ཚེ་རིང་གིས་གསར་འགོད་པར་བཤད།

    “མེ་ཏོག་མིག་ལ་མཛེས་ཤིང་དངུལ་བསགས་བདེ་པོ་ཡོད་པས་མེ་ཏོག་མི་འདེབས་པའི་རྒྱུ་མཚན་ཅི་ལ་ཡོད”སྤེན་པ་ཚེ་རིང་གི་སྣེ་ཁྲིད་འོག གྲོང་མི་གཞན་དག་གིས་ཀྱང་མེ་ཏོག་འདེབས་འགོ་ཚུགས། མིག་སྔར། གྲོ་མོ་སྨད་ཤང་གི་དུད་ཚང་མང་པོ་ཞིག་གི་མང་ཚོགས་ཀྱིས་མེ་ཏོག་འདེབས་ཀྱི་ཡོད། སྤེན་པ་ཚེ་རིང་གིས་རང་ཉིད་ཀྱི་མེ་ཏོག་འདེབས་པའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་སྒོ་རྩར་མེ་ཏོག་འདེབས་གསོ་དང་། ནད་འབུ་འགོག་བཅོས། ལུད་དང་གཡོག་བྱེད་སོགས་ཀྱི་ཐད་དོགས་གཞི་དྲི་མཁན་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད། ཁོམ་པ་བྱུང་དུས་ཁོང་གིས་རྟག་ཏུ་ཁྲོམ་གཞུང་དུ་བསྐྱོད་དེ་ཁྱིམ་ཚང་སུའི་མེ་ཏོག་ལ་ཆུ་དང་ལུད་རྒྱག་རན་མིན་བལྟས་ཏེ་དུས་ཐོག་ཏུ་དྲན་སྐུལ་བྱེད་པ་དང་། ཁྱིམ་ཚང་སུའི་མེ་ཏོག་རྩ་སྤོས་རྒྱག་རན་ན་ཁོང་གིས་རྩ་སྤོས་རྒྱག་སྟངས་དམར་ཁྲིད་བྱེད་ཀྱི་ཡོད།

    འདི་ལོའི་ཟླ་5པར་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་པའི་སྤེན་པ་ཚེ་རིང་གིས་ཉིང་ཁྲིར་རྟོག་ཞིབ་བྱེད་པར་བསྐྱོད་རྗེས་སེམས་ནང“ང་ཚོ་གྲོ་མོ་དང་ཉིང་ཁྲིའི་གནམ་གཤིས་དང་ཁོར་ཡུག་འདྲ་པོ་ཡོད། ཉིང་ཁྲིར་སྔོན་ཐོན་གྱི་འདེབས་འཛུགས་ཉམས་མྱོང་ལྡན་པ་དང་མཉམ་ལས་ཁང་མང་པོ་གཉེར་ནས་མང་ཚོགས་མང་པོ་ཞིག་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད་པ་དེ་དག་ང་ཚོས་དཔེ་ལྟ་ཆོག་པ་འདུག”སྙམ་སྟེ་ཁོང་གིས་ནང་ས་ནས་སྣ་མའི་མེ་ཏོག་སོགས་ཀུན་གྱིས་དགའ་པོ་བྱེད་པའི་མེ་ཏོག་ནང་འདྲེན་དང་སྦྲགས་མུ་མཐུད་མེ་ཏོག་འདེབས་པའི་གཞི་ཁྱོན་ཆེ་རུ་བཏང་ནས་མཉམ་ལས་ཁང་གཉེར་ཏེ་རིན་ཆེན་སྒང་གྲོང་ཚོ་དེ་ཉིད་མེ་ཏོག་ཁྲ་ཆིལ་ལེར་བཞད་པའི་གྲོང་ཚོ་ཞིག་ཏུ་འགྱུར་བ་དང་གྲོང་མི་སྔར་བས་མང་བ་ཕྱུག་པོའི་ལམ་དུ་འཁྲིད་ཐུབ་རྒྱུའི་འཆར་གཞི་འདིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།