དབུ་ཤོག>ཞིང་འབྲོག་གསར་པ།
  • དབུལ་བཅོས་ཕྱུག་འགྱུར་ཐད་ལག་རྩལ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-09

    ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཚན་རྩལ་ཐོན་ཁུངས་སྤྱི་འདོམས་དང་དབུལ་སྒྲོལ་འགག་སྒྲོལ་ཚན་རྩལ་གྱི་བྱ་སྤྱོད་ལག་ལེན་བསྟར་ནས་ཞིང་འབྲོག་ཚན་རྩལ་ལ་བརྟེན་ནས་གནད་སྨིན་དབུལ་སྒྲོལ་ལས་ཀའི་ཇུས་གཞི་བཟོས་ཏེ་ཁང་དེ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཚང་མ་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐད་དང་ལྷག་པར་དུ་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ལག་རྩལ་གྱི་དཔེ་སྟོན་དང་གྲུབ་འབྲས་གཞན་བསྒྱུར་ཐད་བཞག་ནས་ཞིང་འབྲོག་ཚན་རིག་ཁང་གི་གྲོང་སྡོད་ས་ཚིགས་10ལ་བརྟེན་ཏེ་ཞིང་འབྲོག་ཚན་རྩལ་རྣམ་གྲངས་གཞི་རྟེན་དུ་བྱེད་པ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཁ་ཤོ་གཏོད་སར་བྱེད་པའི་ཐོག་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཤེས་ལྡན་པ་དང་། ལག་རྩལ། གྲུབ་འབྲས་ཉེར་སྤྱོད་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་དཀའ་སྤྱད་དངོས་སྒྲུབ་བྱས་པས་ཞིང་འབྲོག་ལས་ཐོན་འཕར་འབབ་འཕར་དང་མང་ཚོགས་དབུལ་པོ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐད་ཕན་འབྲས་ཡག་པོ་ཐོན་ཡོད།

    གྲུབ་འབྲས་གཞན་སྒྱུར་ཐད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ནས་དང་། འབྲི་གཡག ཤིང་འབྲས་དང་སྔོ་ཚལ་སྣ་ཁ་གསར་པ། ཞིང་འབྲོག་པས་ཚན་རིག་དང་མཐུན་པའི་ངང་འདེབས་འཛུགས་གསོ་སྤེལ་བྱེད་པ་སོགས་ཞིང་འབྲོག་པས་དོ་ཁུར་ཆེ་ཤོས་བྱེད་པའི་ལྟེ་བའི་གནད་དོན་ལ་དམིགས་ཏེ་ཞིང་འབྲོག་ཚན་ཞིབ་ཀྱི་གྲུབ་འབྲས་དང་ལག་རྩལ་གཞན་སྒྱུར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། “བོད་ནས་ཨང་2000”ཁྱབ་གདལ་བེད་སྤྱོད་གཏོང་མཁན་གྱི་ལག་རྩལ་ཚན་པ་ཞིག་ཡིན་པའི་ངོས་ནས་ལྗོངས་ཡོངས་སུ“བོད་ནས་ཨང་2000”མུའུ་ཁྲི་300ཡན་ཁྱབ་གདལ་བཏང་བས་ནས་ཐོན་འཕར་རྒྱ་མ་དུང་ཕྱུར་1བྱུང་སྟེ་མང་ཚོགས་དབུལ་པོར་ཐོན་འཕར་འབབ་འཕར་ཡོང་བའི་འགན་ལེན་ནུས་ལྡན་ཐུབ་ཡོད། དགུན་ནས་སྣ་ཁ་གསར་པ་སྟེ“དགུན་ནས་ཨང་18པ”དཔེ་སྟོན་ཁྱབ་གདལ་བཏང་བས་མུའུ་རེ་ནས་ཆ་སྙོམས་ཐོན་འཕར་སྤྱི་རྒྱ་30བྱུང་བ་དང་། བསྐྱར་འདེབས་སྲན་རིགས་དང་གཟན་རྩྭ་མུའུ་རེ་ནས་སྤྱི་རྒྱ་1500བྱུང་སྟེ་ནས་ཐོན་འཕར་དང་། གཟན་རྩྭ་ཐོན་འཕར། ལུད་སྣོན་ས་བཅུད་ལེགས་གཏོང་བཅས“གཅིག་གོ་གསུམ་ཆོད”ཀྱི་ཕན་འབྲས་ཐོན་ནས་ས་ཁུལ་དབུལ་པོའི་འབྲུ་རིགས་ཐོན་འཕར་དང་གཟན་རྩྭའི་ཐོན་འབབ་འཕར་ནས་ས་རྒྱུ་ལེགས་བཅོས་བྱེད་སྟངས་གལ་ཆེན་ཞིག་ཏུ་གྱུར་ཡོད། 

    དེ་དང་ཕྱོགས་མཚུངས་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཁྱད་ལྡན་རྒྱུད་བཟང་ཕྱུགས་བྱ་གསོ་སྤེལ་དང་། ནུས་ཆེའི་རྒྱགས་གསོ། བདེ་ཐང་གསོ་ཚགས་སོགས་རྣམ་གྲངས་15ཡི་འགག་རྩའི་ལག་རྩལ་གཞན་སྒྱུར་བཀོལ་སྤྱོད་བྱས་པས་དཔེ་སྟོན་ཁུལ་གྱི་ཞིང་འབྲོག་པར་འབབ་འཕར་15%ཡན་བྱུང་ཡོད། འབྲི་གཡག་རིགས་གཉིས་ནུས་ཆེའི་རྒྱགས་གསོའི་ལག་རྩལ་ལ་བརྟེན་ནས་འདམ་གཞུང་དང་། མལ་གྲོ་གུང་དཀར། གྲོ་མོ། ནག་ཆུ་སོགས་དཔེ་སྟོན་ཁུལ་དུ་འབྲི་གཡག་མགོ་གྲངས་ཁྲི་4.2རྒྱགས་གསོ་དང་དཔེ་སྟོན་དུད་ཚང་800སྐྱེད་སྲིང་བྱས་པར་འབབ་འཕར་སྒོར་ཁྲི་8740ལྷག་ཙམ་བྱུང་ནས་རང་ལྗོངས་ཀྱི་ཕྱུགས་བྱ་ནུས་ཆེ་གསོ་ཚགས་ལས་རིགས་ཀྱི་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ་འབྲོག་ཁུལ་གྱི་དུད་ཚང་དབུལ་པོར་འབབ་འཕར་དབུལ་སྒྲོལ་གྱི་རོགས་རམ་ཐུབ་ཡོད།

    དུས་ཡུན་རིང་པོའི་ནང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཚལ་རིགས་ཀྱི་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ཁ་ཕྱོགས་གཙོ་བོར་བྱས་ནས་གནོད་མེད་ཀྱི་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་གསར་པ་ཐོན་འབབ་མཐོ་བའི་འདེབས་གསོའི་ལག་རྩལ་གཞན་སྒྱུར་བཀོལ་སྤྱོད་ཤུགས་ཆེན་བྱས་ནས་ས་མེད་འདེབས་འཛུགས་དང་། ཕྱོགས་མང་འདེབས་འཛུགས། གནོད་མེད་འདེབས་འཛུགས་སོགས་རྣམ་གྲངས་20ལ་སྒྲིག་བཀོད་བེད་སྤྱོད་ཀྱི་སྔོ་ཚལ་ཐོན་སྐྱེད་ལག་རྩལ་དཔེ་སྟོན་ཁྱབ་གདལ་བཏང་བ་དང་། སྒྲིག་བཀོད་སྤྱད་དེ་སྔོ་ཚལ་ནུས་ཆེའི་ཐོན་སྐྱེད་ལག་རྩལ་གྱི་དཔེ་སྟོན་རྟེན་གཞི་མུའུ་ཁྲི་3བསྐྲུན་པ། ཁམ་བུ་དང་། རྒུན་འབྲུམ། ཀུ་ཤུ་སོགས་རྒྱུད་བཟང་སྡོང་ཕྲུག་སྤུས་ལེགས་རྐང་ཁྲི་15བཏབ་ནས་དཔེ་སྟོན་འདེབས་འཛུགས་མུའུ་1000ཙམ་བྱས་པ། ཀུ་ཤུ་དང་། ལི། རྒུན་འབྲུམ་སོགས་སྣ་ཁ་སྤུས་ལེགས་དཔེ་སྟོན་འདེབས་འཛུགས་བྱས་པས་ཀུ་ཤུ་དང་ལི་ཡི་ཐོན་འཕར་སྤྱི་རྒྱ་4000ནས་5000བར་དང་། རྒུན་འབྲུམ་མུའུ་རེ་ནས་སྤྱི་རྒྱ་1500ནས་2000བར་ཟིན་ཏེ་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཡག་པོ་བྱུང་ནས་རང་ལྗོངས་ཀྱི་སྔོ་ཚལ་དང་ཤིང་འབྲས་ཐོན་ལས་ཐོན་འཕར་ནུས་ཆེ་ཡོང་བར་ལག་རྩལ་གྱི་འདེགས་སྐྱོར་ཐུབ་ནས་མི་རྣམས་ཀྱི་ཤ་ཚལ་སྒོང་གསུམ་གྱི་སྣ་ཁ་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    “གཞན་བརྟེན”བྱེད་པར“རང་བརྟེན”བྱེད་དགོས། ཉེ་བའི་ལོ་ཤས་རིང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཞིང་འབྲོག་ལས་ཚན་རྩལ་ཆ་འཕྲིན་ཞབས་འདེགས་སྤྲིན་སྟེགས་བཏོད་དེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ལ་ཞིང་འབྲོག་ཁུལ་གྱི་རྒྱང་ཁྲིད་སློབ་གསོའི་དཔེ་སྟོན་ས་ཚིགས་16བསྐྲུན་པར་ཞིང་འབྲོག་པ་དང་གཞི་རིམ་གྱི་ལག་རྩལ་མི་སྣ་ཁྱོན་མི་ཐེངས་ཁྲི་12.6གསོ་སྦྱོང་བྱས་པ་དང་། ཞིང་འབྲོག་པའི་ལག་རྩལ་རྐང་འཛིན་མི་སྣ་དང་ཚན་རྩལ་བ་2500ལྷག་ཙམ་གསོ་སྐྱོང་བྱས་པས་ཞིང་འབྲོག་པའི་ཚན་རིག་དང་མཐུན་པའི་འདེབས་འཛུགས་གསོ་སྤེལ་རྩལ་ནུས་གོང་མཐོར་ཆེན་པོ་ཕྱིན་ཡོད།

    དེ་དང་ཕྱོགས་མཚུངས་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཐོན་ལས་དབུལ་སྐྱོར་ལ་དམིགས་ཏེ་ཚན་རྩལ་གྱི་གྲུབ་འབྲས་ཁེ་ལས་ལ་གཞན་སྒྱུར་དང་ཁེ་ལས་ཀྱིས་ཞིང་འབྲོག་པའི་སྣེ་ཁྲིད་དེ་དབུལ་སྒྲོལ་བྱེད་པའི་བླང་བྱ་གཞིར་བཟུང་ཁྱད་ལྡན་ཞིང་ཕྱུགས་ཐོན་ཟོག་133ཞིབ་འཇུག་གསར་སྤེལ་བྱས་པས་ཐོན་ཟོག་ཁག་གཅིག་ཐོན་ལས་གསར་སྤེལ་དུས་མཚམས་སུ་སླེབས་ཏེ་ཞིང་འབྲོག་པ་100ཙམ་ལས་ཞུགས་དང་རྟེན་གཞི་3ལ་སྣེ་ཁྲིད་ཐུབ་ནས་ཐོན་རྫས་རིགས་བཞི་4ལ་གསར་སྤེལ་གྱི་འདོད་མཐུན་བཞག་ཡོད།

    ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ད་དུང་གྲོང་སྡོད་ལས་དོན་ས་ཚིགས་དམ་འཛིན་བྱ་གཞིར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གཞིར་བཟུང་། གྲོང་སྡོད་ས་ཚིགས་10གཙོ་གནད་དུ་བྱས་ནས་ཞིང་ཕྱུགས་ཐོན་ཟོག་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་བྱེད་པ་དང་། དྲོད་ཁང་སྐྲུན་པ། དྲོད་ཁང་དུ་སྔོ་ཚལ་འདེབས་པ། སོ་ཕག་བཟོ་གྲྭ་འཛུགས་པ། ཁང་པའི་རྒྱབ་མདུན་དུ་རྩྭ་འདེབས་པ། གསེག་རྡོ་ར་བ་གཉེར་བ་སོགས“གཅིག་རོགས་གཅིག”མཉམ་སྐྲུན་རོགས་སྐྱོར་སོགས་ཀྱི་བྱ་ཐབས་སྔ་རྗེས་སུ་སྤྱད་པས་དབུལ་སྐྱོར་གྱི་ཕན་འབྲས་ཡག་པོ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།