བྱང་སྨད་གྲོང་ཚོར་དུད་ཚང་595དང་མི་2294ཡོད་ཅིང་། དེ་ནི་མངའ་རིས་ས་ཁུལ་གྱི་མི་འབོར་མང་ཤོས་ཀྱི་སྲིད་འཛིན་གྲོང་ཚོ་རེད་ལ། དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་ཤོས་དང་དབུལ་པོར་འགྱུར་རྐྱེན་རྙོག་འཛིང་ཆེ་ཤོས་ཀྱི་གྲོང་ཚོའི(གྲོང་ལྷན)གྲས་ཤིག་ཀྱང་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ཉེ་བའི་ལོ་ཤས་རིང་གྲོང་ཚོ་ཡོངས་ཀྱི་གོང་འོག་ཚང་མས་ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མཉམ་ལས་ཁང་དང་། གྲོང་ཚོར་བཅའ་སྡོད་ཚན་པ། ཕྱུག་འགྱུར་འཇོན་ཐང་ཅན་བཅས་ཀྱིས་སྐུལ་ཁྲིད་བྱེད་པའི་དབུལ་སྒྲོལ་བྱེད་སྟངས་སྤྱད་དེ། འདི་ལོར་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་119ཡི་མི་391ཚང་མའི་ཡོང་འབབ་རྫོང་རིམ་པའི་དབུལ་སྒྲོལ་གྱི་དམིགས་ཚད་དུ་སླེབས་པ་དང་། འཆར་གཞི་ལས་ལོ་གཅིག་སྔ་སྣུར་དུ་གྲོང་ཚོ་ཧྲིལ་པོའི་དབུལ་ཞྭ་ཕུད་ནས་དབུལ་སྒྲོལ་གྱི་དཔེ་སྟོན་མང་པོ་བཏོད་པ་དང་སྦྲགས། མངའ་རིས་འབྲོག་ཁུལ་གྱི་དབུལ་སྒྲོལ་གྱི་དཔེ་མཚོན་ཞིག་ཀྱང་བཏོད་པ་རེད།
འདི་ནི་ཚེ་རིང་བསམ་སྐྱིད(གཡས་ཀྱི་དང་པོ)ཀྱིས་བལ་གྱི་ལྟོ་ཕད་འཐག་བཞིན་པ།
འདི་ནི་གངས་འཚོས(གཡས)ལག་པ་ཐང་པོ་མེད་པའི་དུད་ཚང་དབུལ་པོ་བཀྲ་ཚེར་གླ་ཆ་སྤྲོད་བཞིན་པ།
འདི་ནི་མང་ཚོགས་དབུལ་པོས་ཟོག་འགྲེམས་ལྟེ་གནས་ནས་དངོས་ཟོག་འབེབས་པ་དང་མི་རེར་ཉིན་རེར་གླ་ཆ་སྒོར་100ཡོད་པ་རེད།
འདི་ནི་ཚྭ་མཚོ་ཤང་གི་ཤང་ཀྲང་གཞོན་པ་པད་མ་ཚེ་དབང་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚེ་རིང་ཚུལ་ཁྲིམས། དམངས་ཕན་མཉམ་ལས་ཁང་གི་འགན་འཁུར་བ་བཀྲ་བཟང་བཅས་ཀྱིས་བཀྲ་ཤིས་ཁྱིམ་དུ་བསྐྱོད་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
མཉམ་ལས་ཁང་གིས་སྐུལ་ཁྲིད་བྱས་ནས་མཉམ་དུ་ཡོང་འབབ་གསོག་པ།
བྱང་སྨད་གྲོང་ཚོར་སྔ་སྣུར་དུ་དབུལ་སྒྲོལ་བྱུང་བ་ནི་མཐུན་སྒྲིལ་ཆེ་ཞིང་དར་རྒྱས་ལྡན་པའི་མཉམ་ལས་ཁང་དང་ཁ་འབྲལ་ཐབས་མེད།
2002ལོར་དེ་སྔ་ཚྭ་ལས་དང་བརྒྱ་ཟོག་ཚོང་ཁང་གཉེར་མྱོང་བའི་ཕྱུག་དུད་པད་མ་ཚེ་དབང་གིས་བྱང་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བ་རེད།
2010ལོར་པད་མ་ཚེ་དབང་གིས་མང་ཚོགས་སྐུལ་སློང་བྱས་ཏེ་མ་དངུལ་སྒོར་ཁྲི་13.8བསགས་ནས་གྲོང་ཚོའི་མཉམ་སྡེབ་ལ་དབང་བའི་ཚྭ་ར་བཙུཌ་ཤིང་། ཚད་ལྡན་གྱི་འཁོར་སྐྱོད་བྱེད་སྟངས་སྤྱད་པ་དང་ཁྲོམ་ར་ལེཌ་པར་བཙལ་བས། ལོ་ཕྱེད་ནང་མ་གནས་ཕྱིར་ལོག་པ་མ་ཟད་ཁེ་བཟང་རག་པ་རེད། དེ་རྗེས་པད་མ་ཚེ་དབང་དང་བྱང་སྨད་གྲོང་ཚོའི་མང་ཚོགས་ཚོས་ཡང་འབད་བསྐྱར་འབད་བྱས་མཐར། གྲོང་ཚོའི་80%ཡན་གྱི་མང་ཚོགས་མ་རྐང་ལ་ཞུགས་ཏེ་རྡོ་ཆས་ལས་སྣོན་བཟོ་གྲྭ་དང་། དབུལ་སྐྱོར་སྣེ་ལེན་ཁང་། ཚྭ་ལུག་གནའ་ལམ་མགྲོན་ཁང་། དམངས་ཕན་ཚོང་ཁང་། ལྕགས་ཤོག་ལས་སྣོན་བཟོ་གྲྭ། མི་རིགས་ལག་ཤེས་བསླས་འཐག་བཟོ་གྲྭ། ཟོག་འགྲེམས་ལྟེ་གནས་སོགས་དཔལ་འབྱོར་དངོས་ཚན་8རིམ་བཞིན་གཉེར་བ་རེད།
མིག་སྔའི་བར་བྱང་སྨད་གྲོང་ཚོའི་དམངས་ཕན་མཉམ་ལས་ཁང་གི་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་1000ལྷག་ཙམ་ཟིན་ནས་ཡོང་འབབ་སྒོར་ཁྲི་230བགོ་བཤའ་བརྒྱབ་པ་དང་གླ་ཆ་སྒོར་ཁྲི་200ཙམ་སྤྲད་པ་རེད། ལོ་བརྒྱད་འབད་འཐབ་བྱས་པ་བརྒྱུད། 2010ལོར་གྲོང་ཚོ་ཡོངས་ལ་དུད་ཚང་དབུལ་པོ་600ལྷག་ཙམ་ཡོད་པ་ནས་ད་ཆ་དུད་ཚང་དབུལ་པོ་གཅིག་ཀྱང་མ་ལུས་པར་དབུལ་སྒྲོལ་ཐུབ་པ་རེད།
འདི་ལོར་བྱང་སྨད་གྲོང་ཚོའི་དམངས་ཕན་མཉམ་ལས་ཁང་གིས་མི་རིགས་ལག་ཤེས་བསླས་འཐག་བཟོ་གྲྭ་དང་ཟོག་འགྲེམས་ལྟེ་གནས་ཏེ་རྣམ་གྲངས་ཆེན་པོ་གཉིས་གཉེར་བ་དང་། ད་ཆ་ཕན་འབྲས་ཀྱང་ཧ་ཅང་མངོན་གསལ་དོད་པོ་ཐོན་བཞིན་ཡོད་པ་རེད།
2015ལོར་བསྐྲུན་པའི་བྱང་སྨད་གྲོང་ཚོའི་ཞིང་ཟོག་སྡེབ་ཚོང་ཁྲོམ་རའི་རྨང་གཞིའི་ཐོག་འདི་ལོར་མཉམ་ལས་ཁང་གིས་འཁོར་རྒྱུག་མ་དངུལ་སྒོར་ཁྲི་164བཏང་སྟེ་ཐུམ་སྒྲིལ་དང་། དབོར་འདྲེན། སྐྱེལ་འདྲེན། གསོག་ཉར། བྲིན་ཚོང་། སྡེབ་སྐྱེལ་བཅས་གཞི་གཅིག་ཏུ་འདུས་པའི་ཟོག་འགྲེམས་ལྟེ་གནས་བསྐྲུན་པ་དང་། དེ་ལས་འབྲོག་ཁུལ་གྱི་ཟོག་གོང་བརྟན་དུ་ཕྱིན་པ་མ་ཟད། དུད་ཚང་དབུལ་པོ་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་དང་། མཉམ་ལས་ཁང་གི་ཡོང་འབབ་ཀྱང་སྔར་བས་མང་དུ་ཕྱིན་པ་རེད།
གྲོང་སྡོད་ཚན་པས་སྐུལ་ཁྲིད་བྱས་ཏེ་དབུལ་སྐྱོར་དང་བློ་སྐྱོར་ཟུང་དུ་འབྲེལ་བ།
ལོ་མང་རིང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་ལས་ར་སྤྲོད་གང་ལེགས་བྱས་དོན། གྲོང་སྡོད་ལས་དོན་ནི་བཅའ་སྡོད་གྲོང་ཚོ་འཕེལ་རྒྱས་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་རེད།
བྱང་སྨད་གྲོང་ཚོའི་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་སྡོད་ཚན་པ་ཏེ་མངའ་རིས་ས་ཨུད་དྲིལ་བསྒྲཌ་པུས་ཉེ་བའི་ལོ་ཤས་རིང་བྱ་བ་དངོས་སྒྲུབ་པར་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་128བཏང་ནས། མི་ཐབས་རྩྭ་འདེབས་དང་། སྔོ་ཚལ་དྲོད་ཁང་ཆེ་མོ། ཁྲོན་པ་སོགས་རྣམ་གྲངས་མང་པོ་ལག་ལེན་བསྟར་བས། གྲོང་ཚོ་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་ལེགས་སུ་ནུས་ལྡན་ཕྱིན་ཡོད་པ་རེད། དམངས་ཕན་མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་གཞོགས་འདེགས་བྱ་ཆེད། མངའ་རིས་ས་ཨུད་དྲིལ་བསྒྲགས་པུས་མཉམ་ལས་ཁང་གིས་དགེ་རྒྱས་རྫོང་གྲོང་དུ་བཙུགས་པའི་ཇ་རྟའི་ཚོང་ལམ་མགྲོན་ཁང་བཟོ་བཅོས་རྒྱག་རོགས་བྱས་ནས་འགྲུལ་པའི་ཡིད་དབང་འགུག་ཤུགས་དང་འགྲན་རྩོད་བྱེད་ཤུགས་ཆེ་རུ་བཏང་བས་ཡོང་འབབ་ཀྱང་མང་དུ་ཕྱིན་པ་རེད། དེས་མ་ཚད་གྲོང་ཚོར་དམངས་ཕན་ཚོང་ཁང་ཞིག་བཙུགས་ནས་མཉམ་ལས་ཁང་ལ་དོ་དམ་བྱ་རྒྱུར་རྩིས་སྤྲད་པ་རེད།
ས་ཨུད་དྲིལ་བསྒྲགས་པུའི་གསར་འགྱུར་དྲིལ་བསྒྲགས་ཁོའོ་ཡི་ཁོའོ་ཀྲང་འཆད་ཁྲིད་ཚོགས་པའི་ཁོངས་མི་རྒོད་སྐྱེས་ཡིས་བྱང་སྨད་གྲོང་ཚོར་ལོ་གཅིག་བཅའ་སྡོད་བྱས་པ་དང་། དེའི་རིང་སྒྲོག་འགྲེལ་ནང་ཐེངས་60ལྷག་ཙམ་ཞུགས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ། དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་སྐོར་ནས་འཆད་ཁྲིད་ཐེངས་མང་གནང་བ་རེད། ལྷག་དོན་དུ་ཚོགས་འདུ་འཚོགས་རིམ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་ནང་དོན་སྐོར་ནས་དམིགས་སུ་འཆད་འགྲེལ་བྱེད་ཀྱི་ཡོད་པ་རེད།
ཆ་སྒྲིག་རོགས་སྐྱོར་བྱེད་རིང་ས་ཨུད་དྲིལ་བསྒྲགས་པུས་འགན་རིམ་སོ་སོའི་ལས་བྱེད་པ་ཚང་མའི་རོགས་སྐྱོར་གྱི་གྲངས་འབོར་གཏན་འབེབས་གསལ་པོ་བྱས་ཤིང་། དབུལ་སྐྱོར་དང་བློ་སྐྱོར་ཟུང་འབྲེལ་བྱས་ནས་དངུལ་དང་དངོས་ཟོག་སྤྲོད་དགོས་པ་མ་ཟད། བསམ་བློའི་སློབ་གསོ་དང་བྱེད་ཐབས་འཚོལ་རོགས་ཀྱང་བྱས་ཏེ་འབྱུང་རྩ་ནས་དབུལ་པོར་འགྱུར་རྐྱེན་མེད་པར་བཟོ་དགོས་པའི་བླང་བྱ་བཏོན་པ་རེད། ཆ་སྒྲིག་རོགས་སྐྱོར་བྱས་པ་བརྒྱུད་བྱང་སྨད་གྲོང་ཚོའི་དུད་ཚང་དབུལ་པོ་12བདེ་བླག་ངང་དབུལ་སྒྲོལ་བྱུང་བ་རེད།
ཕྱུག་འགྱུར་འཇོན་ཐང་ཅན་གྱིས་སྐུལ་ཁྲིད་བྱས་ཏེ་དབུལ་སྒྲོལ་ལ་རམ་འདེགས་བྱེད་པ།
རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། རྒྱལ་ལམ་317གྱི་འགྲམ་དུ་གནས་པའི་བྱང་སྨད་གྲོང་ཚོར་འཇོན་ཐང་ཅན་ནི་མང་དུ་མཆིས།
ད་ལོ་ལོ་35ལ་སླེབས་པའི་གངས་འཚོ་ནི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་པ་དང་། ཆུང་དུས་ནས་ཨ་མ་ཚེ་ལས་འདས་པ་དང་ཨ་ཕའི་གཟུགས་པོ་ཡང་ཐང་པོ་མེད་པས། ལྟོ་གོས་ཀྱི་དོན་དུ་ལོ་18ནས་བཟུང་མི་གཞན་དང་མཉམ་དུ་བདལ་གླ་རྒྱུག་ནས་འཚོ་བ་བསྐྱལ།
ལོ་མང་རིང་བདལ་གླ་རྒྱུག་པར་ཕྱིན་ནས་མཐོང་རྒྱ་ཇེ་ཡངས་སུ་ཕྱིན་པས། 2016ལོར་གངས་འཚོས་ཤང་ཡོངས་སུ་ཨར་སྐྲུན་ཤུཌ་ཆེན་བྱེད་པ་མཐོང་ནས་ས་ཕག་བཟོ་གྲྭ་ཞིག་གཉེར་རྒྱུའི་འདུན་པ་སྐྱེས་པ་དང་། དངུལ་སྐར་མ་གཅིག་ཀྱང་མེད་པའི་ཁོང་གིས་བློ་ཁོག་ཆེན་པོས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་8གཡར་ཞིང་། རྫོང་ནས་དབུལ་སྐྱོར་ལས་གཏོད་མ་དངུལ་སྒོར་ཁྲི་5བརྩོན་ལེན་བྱས་པ་དང་། ཨ་ཅག་ས་ནས་སྒོར་ཁྲི་5་གཡར་ཏེ་ས་ཕག་བཟོ་གྲྭ་ཞིག་གཉེར་བ་རེད། ཁོ་པའི་འདོད་ཐོག་ལ་རྟ་རྒྱུག་པ་ལྟར་ས་ཕག་ཧ་ཅང་བྲིན་ཁ་རྒྱུག་པས་ལོ་དེ་རང་དུ་བུ་ལོན་སྤྲད་ཚར་བ་མ་ཟད། 2017ལོར་ཁེ་བཟང་སྒོར་ཁྲི་47རག་པ་རེད།
ད་ཆ་གངས་འཚོའི་ས་ཕག་བཟོ་གྲྭར་ཡུལ་དེ་གའི་མང་ཚོགས་50ལྷག་ཙམ་གྱིས་དུས་བཀག་གམ་དུས་ངེས་མེད་དུ་ལས་ཀ་བྱེད་བཞིན་ཡོད་ཅིང་། དེའི་ཁྲོད་དུད་ཚང་དབུལ་པོའི་ལས་མི་20ལྷག་ཙམ་ཡོད་པ་དང་ན་ནིང་ཁོ་ནར་ལས་མིར་གླ་ཆ་སྒོར་ཁྲི་14སྤྲད་པ་རེད།
ད་དུང་ཡེ་ཤེས་དབང་རྒྱལ་གྱིས་གཉེར་བའི་བྱེ་རྡོའི་ར་བར་ཡང་དེ་ལྟར་དུད་ཚང་དབུལ་པོའི་ལས་མི་སྔོན་དུ་བསྡུ་བ་དང་། མ་གཞི་གཞི་ཁྱོན་གངས་འཚོའི་ས་ཕག་བཟོ་གྲྭ་བཞིན་ཆེན་པོ་མེད་རུང་དུད་ཚང་དབུལ་པོའི་ལས་མི་6གི་ལས་ཞུགས་ཐག་གཅོད་བྱས་པ་རེད། ཉིན་ཤས་གོང་ཡོང་འབབ་བགོ་བཤའ་རྒྱག་དུས། གངས་འཚོ་དང་ཡེ་ཤེས་དབང་རྒྱལ་གྱིས་རང་མོས་ངང་མ་དངུལ་སྒོར་ཁྲི་1.5དང་སྒོར་7000བཏོན་ནས་བགོ་བཤའི་མ་དངུལ་བསྡོམས་འབོར་ནང་བསྣན་ཏེ་དུད་ཚང་དབུལ་པོར་རང་ཉིད་ཀྱི་སེམས་པ་མཚོན་པར་བྱས་པ་དང་ཡོང་འབབ་བགོ་བཤའ་རག་པའི་མང་ཚོགས་ཀྱིས་ཁོང་གཉིས་པོར་དཀར་གཙང་ཁ་བཏགས་མང་པོ་བསྒྲོན་པ་རེད།