དཀར་རིལ་ད་ལོ་ལོ་55སླེབས་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བོད་ཀྱི་པང་གདན་འཐག་རྩལ་གྱི་རྒྱུན་འཛིན་པ་ཞིག་རེད།
དཀར་རིལ་འཚོ་བ་སྐྱེལ་སའི་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་ནི་སྐད་གྲགས་ཡོད་པའི་པང་གདན་ཐོན་ཡུལ་ཡིན་པ་དང་བོད་ཀྱི་གནའ་བོའི་གྲོང་རྡལ་ཆེ་གྲས་བརྒྱད་ཀྱི་གྲས་ཤིག་རེད།
ལོ་12ནས་བཟུང་། དཀར་རིལ་གྱིས་ཨ་ཕའི་མཛུབ་སྟོན་འོག་པང་གདན་འཐག་རྩལ་སྦྱངས། “པང་གདན་འཐག་སྐབས་རྐང་སྟེགས་གནོན་སྟངས་དང་སྒྲོམ་བུ་གཡུག་སྟངས་ཤེས་ན་ལས་སླ་པོ་རེད”ཅེས་དཀར་རིལ་གྱི་ངོས་ནས་བརྗོད་ན་ལས་སླ་པོ་ཞིག་ཡིན་ནའང་དོན་དངོས་ཐོག་པང་གདན་ཡག་པོ་ཞིག་འཐག་པར་དཀའ་ལས་ཆེན་པོ་ཡོད།
རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བོད་ཀྱི་པང་གདན་འཐག་རྩལ་ཁྲིད་སྦྱོང་རྟེན་གཞི་ནས་གསར་འགོད་པས་དཀར་རིལ་གྱི་འགྲམ་དུ་པང་གདན་འཐག་རྩལ་སྦྱོང་མཁན་བུད་མེད་དར་མ་མང་པོ་ཡོད་པ་མཐོང་བྱུང་། ཁོང་ཚོའི་ཁྲོད་ནས་མི་མང་པོ་ཞིག་པང་གདན་བཏགས་ནས་ཡུན་རིང་སོང་ཡོད་ནའང་པང་གདན་འཐག་རྩལ་དཀར་རིལ་དང་སྡུར་ཐབས་བྲལ་བས་དཀར་རིལ་གྱི་མདུན་དུ་དམའ་ས་འཛིན་བཞིན་འདུག
དཀར་རིལ་གྱིས་འཐག་ཐག་སྐབས་འཐག་ཁྲིའི་སྒྲ་སྙན་པོ་ཡོད་མེད་དེ་འཐག་མཁན་རང་ཉིད་ཀྱིས་སྟངས་སྟབས་ཡག་པོ་བསྒྱུར་ཡོད་མེད་ལ་རག་ལུས་ཡོད། པང་གདན་འཐག་སྐབས་རྒྱུ་སྐུད་འཁེལ་བ་ནས་འཐག་པའི་བར་ལས་རིམ་བཅུ་གྲངས་ཁ་ཤས་བརྒྱུད་དགོས་པས་དཀར་རིལ་གྱིས་པང་གདན་གྱི་ལས་རིམ་ཆ་ཚང་ཡག་པོ་མ་བྱུང་ན་སྤུས་ཚད་ལ་སྐྱོན་རྒྱག་སྲིད་པས། ངེས་པར་དུ་དོ་དོ་ནན་ནན་བྱེད་དགོས་ཞེས་བཤད།
དཀར་རིལ་གྱིས་གསར་འགོད་པར་སྔོན་མ་མི་རྣམས་ཀྱིས་བལ་ལས་བཏགས་པའི་པང་གདན་དེ་དག་རེག་བྱ་ཡག་པོ་མེད་པས། ཁོང་དང་བཟའ་ཟླ་སྐལ་བཟང་གིས་ཁུ་ལུས་གཙོ་བོ་བྱས་ཏེ་བཏགས་པའི་པང་གདན་གྱི་རྒྱུ་སྤུས་དག་པ་དང་མདོག་ལེགས་པས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད་བྱུང་།
པང་གདན་བྲིན་ཁ་རྒྱུག་པོ་བྱུང་བས་དཀར་རིལ་གྱིས་པང་གདན་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཡིད་ཆེས་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད། ད་ཆ་ཁོང་དང་བཟའ་ཟླ་སྐལ་བཟང་གིས་གཉེར་བའི་སྐལ་བཟང་བལ་གྱི་པང་གདན་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བུ་མོ་བསྟན་འཛིན་སྒྲོལ་དཀར་གྱིས་གཉེར་སྐྱོང་བྱེད་བཞིན་ཡོད་པ་དང་ཁོང་གིས་རང་ཉིད་ཀྱི་ཤུལ་འཛིན་མཁན་ཡོད་པ་མཐོང་རྗེས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག
དཀར་རིལ་གྱིས“ད་ཆ་པང་གདན་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག སྔོན་མ་པང་གདན་འཚོང་བར་ཐག་རིང་པོར་འགྲོ་དགོས་རེད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ངས་རྒྱུན་དུ་་ལྷ་སའི་ཁྲོམ་གཟིགས་སྒང་དུ་པང་གདན་རེར་སྒོར་12བྱས་ནས་འཚོང་བར་འགྲོ་ཡི་ཡོད་པས་དེའི་ཡོང་འབབ་ཀྱིས་ཁྱིམ་ལ་ཕན་པ་ཆེན་པོ་ཐོབ་བྱུང་”ཞེས་ཁོང་གིས་གསར་འགོད་པར་བཤད།
“ད་ཆ་པང་གདན་རེའི་རིན་གོང་སྒོར་100ལྷག་ཡིན་པ་དང་། སྤུས་ལེགས་རིགས་ཀྱི་རིན་གོང་དེ་བས་མཐོན་པོ་ཡོད”ཅེས་དཀར་རིལ་གྱིས་པང་གདན་འཐག་རྩལ་མུ་མཐུད་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས“ལག་རྩལ་ཡོད་ན་འཚོ་བར་སེམས་ཁྲལ་མི་དགོས། གནམ་གཤིས་བཟང་ངན་གང་བསྟན་ཀྱང་པང་གདན་འཐག་ཆོག འཐག་ཚར་ན་ཕྱིར་བཙོངས་ནས་འཚོ་བ་ལེགས་སུ་གཏོང་ཆོག”ཅེས་བཤད།