དབུ་ཤོག>ཞིང་འབྲོག་གསར་པ།
  • ཚེ་རིང་མཚོ་མོའི་ལས་གཏོད་ལམ་བུ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-30

    ཚེ་རིང་མཚོ་མོ་ལོ་47སླེབས་ཤིང་། ཁེར་རྐྱང་དཔལ་འབྱོར་གཉེར་ནས་ལོ་20ལྷག་ཙམ་འགྲོ་གི་ཡོད།

    1994ལོར་། ཚེ་རིང་མཚོ་མོས་ལྷོ་བྲག་རྫོང་སྲས་ཤང་སྲས་གྲོང་ཚོར་ཚོང་ཁང་ཞིག་བཙུགས་ཤིང་། ཁོང་གིས་གསར་འགོད་པར་ས་གནས་དེ་གའི་སྲས་མཁར་དགུ་ཐོག་སྐད་གྲགས་ཆེན་པོ་ཡོད་པས་ཡུལ་སྐོར་བ་མང་པོ་ཡོད་ལ་ཚོང་ཡང་ཡག་པོ་འདུག འོན་ཀྱང་ཚོང་ཟོག་འཐེན་ཁག་པོ་འདུག་ཅེས་བཤད། “སྐབས་དེ་དུས་འབྲི་གཡག་ལ་བརྟེན་ནས་རྫོང་གྲོང་ནས་ཚོང་ཟོག་འཐེན་པར་འགྲོ་དགོས་པ་དང་ལམ་བར་དུ་ཉིན་བཅུ་གསུམ་བཅུ་བཞི་འགོར་གྱི་ཡོད། ལམ་ཉེན་ཁ་ཆེན་པོ་རེད། དབྱར་ཁ་འདམ་རྡོའི་ཆུ་རུད་ཉིལ་བ་དང་དགུན་ཁ་ལམ་འཁྱག་པ་ཐེབས་ནས་འགྲོ་ཁག་པོ་འདུག”ཅེས་ཚེ་རིང་མཚོ་མོས་བཤད། ཚོང་ཟོག་སྤྱིར་ན་ཁོང་གི་བཟའ་ཟླ་སྐར་མ་ཚེ་རིང་གིས་འཐེན་གྱི་ཡོད་པ་དང་། སྐབས་རེ་བཟའ་ཚོ་གཉིས་མཉམ་དུ་ཚོང་ཟོག་འཐེན་པར་བསྐྱོད་ནས་ཕན་ཚུན་རོགས་པ་བྱེད་ཀྱི་ཡོད།

    ཚེ་རིང་མཚོ་མོས་གསར་འགོད་པར་ཐེངས་ཤིག་འདམ་རྡོའི་ཆུ་རུད་ཀྱིས་ང་ཚོའི་སྒོར་ཁྲི་གཅིག་གཉིས་རི་བའི་དངོས་ཟོག་ཁྱེར་བས་ཉིན་མང་པོའི་རིང་སེམས་ཕངས་པོ་བྱུང་བའི་སྐོར་བཤད། “ ད་ཆ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། རླངས་འཁོར་བཏང་ནས་ཚོང་ཟོག་འཐེན་གྱི་ཡོད་ལ་ལམ་ཡང་ཧ་ཅང་བདེ་པོ་འདུག”ཅེས་ཚེ་རིང་མཚོ་མོས་བཤད།

    ཚོང་གི་སྐོར་གླེང་སྐབས་ཁོང་གིས་གསར་འགོད་པར། ཚོང་ཁང་མ་བཙུགས་གོང་། ང་དང་བཟའ་ཟླས་འབྲི་གཡག་ལ་བརྟེན་ནས་ཚོང་ཟོག་འཐེན་པ་དང་ཆབས་ཅིག་འབྲི་གཡག་ལ་ཚོང་ཟོག་བརྒྱབ་སྟེ་འཚོང་བར་འགྲོ་གི་ཡོད། སྐབས་དེ་དུས་དངུལ་དེ་ཙམ་མེད་པ་དང་། ཚོང་ཟོག་འཐེན་ཚད་ཉུང་ཉུང་རེད། ཚོང་ཟོག་བྲིན་ཁ་ཉུང་བས་ལོ་གཅིག་རིང་ཚོང་ཟོག་ཐེངས་གཉིས་ལས་འཐེན་གྱི་མེད་ཅེས་བཤད།

    ཚོང་ཁང་བཙུགས་རྗེས་སྐར་མ་ཚེ་རིང་གིས་ཚོང་ཁང་ཚེ་རིང་མཚོ་མོར་བརྩིས་སྤྲད་ནས་རང་ཉིད་ཀྱིས་ཚོང་གཞན་ཞིག་བརྒྱབ་པ་རེད། “སྐར་མ་ཚེ་རིང་གྲུང་པོ་ཡོད་པས། རྫོང་གྲོང་གི་མི་རྣམས་བརྙན་ཕབ་བལྟ་རྒྱུར་དགའ་པོ་ཡོད་པ་ཤེས་རྗེས། ཁོང་གིས་བརྙན་འཕྲིན་དང་། བརྙན་ཕབ་འཕྲུལ་ཆས། གློག་འདོན་འཕྲུལ་ཆས་བཅས་ཉོས་ནས་གྲོང་ཚོ་ཁག་ཏུ་བརྙན་ཕབ་སྟོན་པར་བསྐྱོད། “ཚོང་ཧ་ཅང་ཡག་པོ་འདུག བརྙན་འཕྲིན་ཟློས་གར་ལེའུ་གསུམ་ལ་སྒོར་ཟུར་5བྱེད་ཀྱི་ཡོད། མི་མང་པོ་ཞིག་གིས་སྒོ་ང་དངུལ་གྱི་ཚབ་བྱས་ནས་སྤྲོད་ཀྱི་ཡོད། སྒོ་ང་གཅིག་ལ་སྒོར་ཟུར་3རེད”ཅེས་ཚེ་རིང་མཚོ་མོས་བཤད།

    “ད་ཆ། ཁྱིམ་ཚང་ཚང་མར་བརྙན་འཕྲིན་ཡོད་པ་མ་ཟད་དྲ་བ་ཀྱང་ཡོད་པས། ཚང་མ་གང་འདོད་ལྟ་རྒྱུ་ཡོད་པས། བརྙན་ཕབ་ལྟ་མཁན་ཉུང་དུ་ཕྱིན་འདུག”ཅེས་ཚེ་རིང་མཚོ་མོས་དེ་ལྟར་བཤད།

    2016ལོར་སྤྱང་གྲུང་ལྡན་པའི་ཚེ་རིང་མཚོ་མོས་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་ནས། ཡུལ་སྐོར་སྣེ་ལེན་གྱི་ལས་ལ་གཞོལ། ཁོང་གིས་གསར་འགོད་པར་ཁྱིམ་ཚང་མགྲོན་ཁང་ལ་ཁྱོན་ཁང་མིག་་གཅིག་དང་མལ་ཁྲི་9ཡོད་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཉིས་སྟོང་སུམ་སྟོང་ཡོང་གི་འདུག་ཅེས་བཤད། ཡོང་འབབ་དེ་ཙམ་མཐོ་པོ་མེད་ཀྱང་། ཁོང་གིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་འདུག “མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྗེས་ས་གནས་གཞན་གྱི་ཁྱིམ་ཚང་མགྲོན་ཁང་གི་ཡོང་འབབ་ཧ་ཅང་ཡག་པོ་ཡོད་པ་དང་སྡོད་མཁན་ཡང་མང་དུ་ཕྱིན་པ་ཐོས་བྱུང་། དེས་ན་ང་ཚོར་ཡང་མགྱོགས་ཙམ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུའི་རེ་བ་ཆེན་པོ་ཡོད”ཅེས་བཤད།

    ཚེ་རིང་མཚོ་མོས་ལོ་འདི་དག་རིང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་ཕྱིན་པ་ནི་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་པ་ཤེས་ཀྱི་ཡོད། ཁོང་གིས་རྒྱལ་ཁབ་འཕེལ་རྒྱས་ཕྱིན་པ་དང་སྦྲགས་འབྱུང་འགྱུར་མང་ཚོགས་ཀྱི་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་སྲིད་པའི་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།