ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་དུ་ཞིང་འབྲོག་པའི་ཨར་སྐྲུན་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་གངས་ཆུང་གི་སྐོར་གླེང་ཚེ། ཚང་མས་མཐེ་བོང་བསྒྲེངས་ནས་ཁོང་ལ“རྒན་གངས་ཆུང་ལགས”ཞེས་འབོད་ཀྱི་ཡོད།
འདི་ལོ་ལོ་57ལ་སླེབས་པའི་གངས་ཆུང་ནི་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་ཁ་ཡུག་གྲོང་ཚོའི་གྲོང་མི་ཡིན་པ་རེད། ཁྱིམ་ལ་ནང་མི་བདུན་ཡོད་པ་དང་། 2008ལོའི་གོང་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་དེ་ཙམ་ཡག་པོ་མེད། འཚོ་བ་དེ་ལྟ་བུར་གངས་ཆུང་གིས་ཡིད་མ་རངས་པར་རྒྱུན་དུ་གོ་སྐབས་བཙལ་ནས་དཀའ་གནད་དེ་ལས་ཐར་ཐབས་བྱེད་ཀྱི་ཡོད།
2009ལོའི་ལོ་འགོར། གངས་ཆུང་གིས་ཤང་ཏང་ཨུད་དང་ཤང་སྲིད་གཞུང་ལ་རེ་ཞུ་ཕུལ་ནས་ལྷ་ས་གྲོང་ཁྱེར་ཨར་སྐྲུན་ཀུང་སི་དང་པོར་ཆེད་ལས་རྩལ་ནུས་སྦྱོང་བར་འགྲོ་རྒྱུའི་རེ་བ་བཏོན་པ་རེད། ལོ་གཅིག་ལྷག་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གངས་ཆུང་གི་ཆེད་ལས་རྩལ་ནུས་གོང་མཐོར་ཕྱིན་པ་མ་ཟད། ལས་ཀའི་ཐད་སྦྱངས་འབྲས་ཕུལ་དུ་བྱུང་བའི་དབང་གིས་ཀུང་སིའི་ཚན་པ་ཞིག་གི་འགན་འཁུར་བར་བསྐོས་པ་རེད།
2010ལོའི་ཟླ་8པར། ཤང་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག གངས་ཆུང་གིས་དཔལ་འབྱོར་གླིང་ཤང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། མཉམ་ལས་ཁང་གིས་གཙོ་བོ་ལམ་ཟམ་དང་སྡོད་ཁང་ཨར་སྐྲུན་སོགས་ཀྱི་འགན་འཁུར་གྱི་ཡོད།
མཉམ་ལས་ཁང་བཙུགས་པའི་ལོ་དང་པོར་ཤང་ཏང་ཨུད་དང་སྲིད་གཞུང་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་རོགས་རམ་འོག གངས་ཆུང་གིས་ཤང་ཁོངས་གཏོགས་ཀྱི་དུད་ཚང་དབུལ་པོའི་སྣེ་ཁྲིད་དེ་སྡོད་ཁང་འཛུགས་སྐྲུན་ནང་ཞུགས་པས། མཉམ་ལས་ཁང་ལ་དཔལ་འབྱོར་གྱི་ཡོང་འབབ་ཡག་པོ་བྱུང་ཡོད་ལ། དུད་ཚང་དབུལ་པོའི་དཔལ་འབྱོར་ཡོང་འབབ་ཀྱང་མངོན་གསལ་འཕར་ཡོད་པ་རེད།
“རང་ཉིད་དེ་སྔ་འཚོ་བ་སྐྱོ་པོ་བསྐྱལ་མྱོང་བར་བརྟེན་དབུལ་པོ་ཚོར་བསམ་ཤེས་ཐུབ་ཀྱི་འདུག མི་གཅིག་ཕྱུག་པོ་ཆགས་ཚེ་ཕྱུག་པོ་མིན། ཚང་མ་མཉམ་དུ་ཕྱུག་པོར་གྱུར་ཚེ་གཞི་ནས་ཕྱུག་པོ་ཡིན། ཕྱུག་འགྱུར་གྱི་ལམ་བུའི་ཐོག ཏང་དང་སྲིད་གཞུང་གིས་ང་ལ་རོགས་རམ་མང་པོ་གནང་བྱུང་བས་ངས་ཏང་དང་སྲིད་གཞུང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་ལ། སླད་ཕྱིན་འབད་བརྩོན་ལྡབ་བརྒྱ་བྱས་ནས་ཉེ་འགྲམ་གྱི་མང་ཚོགས་དེ་བས་མང་བ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་འཁྲིད་རྒྱུ་ཡིན་ལ། བྱ་སྤྱོད་ངོ་མའི་ཐོག་ནས་ཤང་འདི་ཡོངས་དབུལ་སྒྲོལ་ཐུབ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན”ཞེས་གངས་ཆུང་གིས་གདེང་ཚོད་ཆེན་པོས་བཤད།
ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་མཉམ་ལས་ཁང་བཙུགས་ནས་ད་བར། ལྷུན་གྲུབ་རྫོང་ལ་ཞིང་འབྲོག་མང་ཚོགས་2000ཙམ་གྱི་ངལ་ནུས་ཕྱིར་གཏོང་བྱས་པ་དང་ཞིང་འབྲོག་མང་ཚོགས་300ཙམ་ལ་རྩལ་ནུས་བཀོལ་སྤྱོད་ཀྱི་སློབ་སྦྱོང་དང་ལས་ཀའི་ངོ་སྤྲོད་ཀྱི་ཁྲིད་སྟོན་པ་བྱས་པས་དུད་ཚང་དབུལ་པོའི་མང་ཚོགས་50ལྷག་ཙམ་དབུལ་སྒྲོལ་ཐུབ་པ་རེད།
གངས་ཆུང་གིས་ནུས་པས་ལྕོགས་ཚོད་ཀྱིས་ཉེ་འགྲམ་གྱི་མང་ཚོགས་དབུལ་པོར་འཚམས་འདྲིའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་འབྲེལ། དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཞིང་འཕྲུལ་སྒྲིག་ཆས་ཐད་རོགས་སྐྱོར་བྱེད་ཀྱི་ཡོད། ཉེ་བའི་ལོའི་ནང་། གངས་ཆུང་གིས་གཞན་གྱི་དོན་དུ་བསམ་བློ་མང་པོ་བཏང་ནས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་བསྟར་བའི་རྨང་གཞིའི་ཐོག དཔལ་འབྱོར་གླིང་ཤང་གི་གཞི་རིམ་ལས་དོན་དང་འཛུགས་སྐྲུན་གྱི་བྱ་གཞག་ཁག་ལ་གཞོལ་བ་དང་འབྲེལ་ཤང་གི་དབུལ་སྐྱོར་གྱི་གཅེས་སེམས་བྱ་གཞག་གི་ལས་དོན་ཁག་ནང་ཧུར་ཐག་ཞུགས་པས་ཤང་དེའི་ཕྱུག་འགྱུར་སྣེ་ཁྲིད་པ་དང་པོར་གྱུར་ཡོད་པ་རེད།