དབུ་ཤོག>ཞིང་འབྲོག་གསར་པ།
  • “ལྷ་ས་ནི་ངའི་ཕ་ཡུལ་གཉིས་པ་ཡིན་”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-09

    “ཨ་མར་ལྟ་རྟོག་བྱ་ཆེད། ངས་ཆབ་མདོ་ནས་ལྷ་སར་ཡོང་བ་ཡིན། རང་ཉིད་གཟུགས་པོ་ཡག་པོ་མེད་རྐྱེན་ཤུགས་ལས་བྱེད་མ་ཐུབ་པས། ལྷ་སར་སླེབས་རྗེས་ང་ལ་འཚམ་པའི་ལས་ཀ་ཡག་པོ་ཞིག་རག་མ་བྱུང་ལ། འཚོ་བའང་སྐྱོ་ཙམ་སྐྱེལ་དགོས་བྱུང་། ཕྱིས་སུ་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་ཀྲུའུ་རེན་བསྟན་འཛིན་ངག་དབང་གིས་ངའི་གནས་ཚུལ་ཤེས་རྗེས། ང་ལ་འོ་མ་སོས་པ་འཚོང་བའི་ལས་ཀ་ཞིག་བཙལ་བར་ལས་བཟོད་ཡང་ལ་ཐོབ་ཆ་མི་དམན་པ་ཡོད་པ་མ་ཟད། ཨ་མར་ལྟ་རྟོག་བྱེད་པའི་དུས་ཚོད་ཀྱང་འདང་ངེས་ཤིག་འདུག་པས། ངས་ད་ལྟའི་འཚོ་བར་བློ་ཡིད་འཚིམ་པོ་འདུག”ཅེས་ཕྱི་ནས་གླ་པ་རྒྱུག་པར་ཡོང་བའི་ཚེ་དབང་ཉི་མས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

    སེ་ར་ལམ་གྲྭ་བཞི་གྲོང་གསར་སྡེ་ཁུལ་ཨུ་ལྷན་ཁ་སྤྲོད་ཀྱི་གསུམ་མདོ་ཁར་ཁྲེང་ཀོན་ས་གཙང་བདེ་ཐང་ཐོན་ལས་ཀྱི་བཞོན་མ་གསོ་ཚགས་ར་བའི་འོ་མ་སོས་པའི་ཐད་ཚོང་ཁང་ཞིག་བཙུགས་ཡོད་པ་དང་ཚེ་དབང་ཉི་མ་དེ་གར་ལས་ཀ་བྱེད་ཀྱི་ཡོད། གསར་འགོད་པས་ཁོང་ཐེངས་དང་པོ་མཐོང་སྐབས། ཁོང་གིས་འོ་མ་ཉོ་མཁན་ལ་འོ་མ་བསྐོལ་སྟངས་ཤོད་བཞིན་འདུག ཚེ་དབང་ཉི་མས་གསར་འགོད་པར་དེ་སྔ་ཕ་ཡུལ་དུ་དབྱར་རྩྭ་དགུན་འབུ་འཐུས་ནས་འཚོ་བ་ཕྱིས་ཙམ་འདུག གཟུགས་པོ་ཡག་པོ་མེད་པའི་དབང་གིས་དབྱར་རྩྭ་དགུན་འབུ་མང་པོ་འཐུ་མི་ཐུབ་སྟབས་ཁྱིམ་གྱི་འགྲོ་སོང་འདང་ཙམ་ལས་མི་འདུག དེའི་ཁར་ཨ་མ་གཅིག་པུ་ལྷ་སར་ཡོད་པས་ཁོང་ལ་ལྟ་རྟོག་བྱ་ཆེད་ལྷ་སར་ཡོང་བ་ཡིན། ཐོག་མར་ལྷ་སར་སླེབས་སྐབས་གྲྭ་བཞི་གྲོང་གསར་དུ་ཁང་གླ་གཡར་ནས་བསྡད་པ་ཡིན། རང་ལ་འཚམ་པའི་ལས་ཀ་མ་རག་པའི་ཁར་ཡོང་འབབ་མེད་སྟབས། ཟ་མཁས་འཐུང་མཁས་བྱེད་ཀྱི་ཡོད་ཅེས་བཤད། རྗེས་སུ་བསྟན་འཛིན་ངག་དབང་གིས་ཁོང་གི་གནས་ཚུལ་ཤེས་རྗེས། ཁོང་ལ་འོ་མ་སོས་པ་འཚོང་རྒྱུའི་ལས་ཀ་ཞིག་ངོ་སྤྲོད་བྱས། ལས་ཀ་དེ་ལས་བཟོད་ཡང་བ་མ་ཟད། ཡོང་འབབ་ཀྱང་ཡག་པོ་ཡོད། ད་ཆ་ཚེ་དབང་ཉི་མར་ཟླ་རེར་གླ་ཕོགས་སྒོར་3000ལྷག་ཙམ་ཡོད་པ་མ་ཟད། བྲིན་ཚོང་ལ་གཞིགས་པའི་ཐོབ་ཆའང་ཡོད་པས་ཁོང་ལ་ཟླ་རེར་ཡོང་འབབ་སྒོར་4000ནས་5000བར་ཡོད། ཆུ་ཚོད་4ནས་7བར་ལས་ཀ་བྱེད་པ་ཕུད། དེ་བྱིངས་ཀྱི་དུས་ཚོད་ཚང་མ་ཨ་མར་ལྟ་རྟོག་བྱེད་ཆོག་གི་ཡོད། ད་ཆ་ཁོང་གིས་བཟའ་ཟླ་ཡང་ལྷ་སར་བསུས་པ་དང་ཁང་གླ་གཡར་སའི་ཁྱིམ་མཚེས་བགྲེས་སོང་ཕུར་བུས་ཁོང་གི་བཟའ་ཟླར་སྨན་ཁང་གི་གཙང་སྦྲའི་ལས་ཀ་ཞིག་བཙལ། ཟླ་རེར་ཡོང་འབབ་སྒོར་2000ལྷག་ཙམ་ཡོད། ནང་མི་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། “དེ་དག་ཚང་མ་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས་ང་ལ་སྒེར་སེམས་མེད་པའི་རོགས་རམ་གནང་བ་ལས་བྱུང་བ་ཞིག་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷ་ས་ནི་ངའི་ཕ་ཡུལ་གཉིས་པ་དང་སྡེ་ཁུལ་གྱི་འགོ་ཁྲིད་དང་གྲོང་མི་ནི་ངའི་གཉེན་ཉེ་ལྟ་བུ་ཡིན”ཞེས་ཚེ་དབང་ཉི་མས་སེམས་འགུལ་ཐེབས་བཞིན་དུ་བཤད།

    བསྟན་འཛིན་ངག་དབང་གིས“ཕྱི་ནས་གླ་པ་རྒྱུག་པར་ཡོང་མཁན་གྱིས་གྲོང་ཁྱེར་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བས། ཁོང་ཚོར་ཐུགས་ཁུར་དང་རོགས་རམ་བྱ་རྒྱུ་ནི་སྡེ་ཁུལ་གྱི་གཞི་རིམ་རྩ་འཛུགས་ཀྱིས་སྒྲུབ་འོས་པའི་འགན་འཁྲི་དང་འོས་འགན་ཞིག་དང་ཞི་མཐུན་སྡེ་ཁུལ་བསྐྲུན་པའི་གཞི་རྩའི་བླང་བྱའང་རེད། སྡེ་ཁུལ་གྱིས་ལས་དོན་ཡག་པོ་དང་ཏན་ཏིག་བསྒྲུབས་ནས་ཁོང་ཚོར་སྡེ་ཁུལ་ནས་ཁྱིམ་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།