དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རིགས་ཕོ་གཞོན་བསོད་ནམས་ཆོས་འཕེལ་གྱིས་ནམ་ཡང་ལས་གཏོད་ཕྱུག་འགྱུར་ཕྱོགས་སུ་སྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-11-02

    ཞིང་པའི་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མི་རིང་བའི་གོང་། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་དུ་འཚོགས་པའི་རྣམ་པ་གསར་པའི་སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུས་ས་གནས་དེ་གའི་ན་གཞོན་མང་པོའི་མིག་དབང་བཀུག་པ་མ་ཟད། སྐད་འཕྲིན་གྲོགས་ཚོགས་ནང་རྒྱུན་ཆད་མེད་པར་བཀུར་ཡོད། སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུར་གཙོ་བོ་ནི་ཐོན་རྫས་ཁོ་ན་མ་ཡིན་པར་ད་དུང་སྤུས་རྟགས་གཏོད་མཁན་བསོད་ནམས་ཆོས་འཕེལ་ཡོད་པ་རེད། ཁོང་ནི་ལས་གཏོད་ཕུགས་འདུན་སྒྲུབ་མཁན་གྱི་བོད་རིགས་ཕོ་གཞོན་ཞིག་རེད།

    བསོད་ནམས་ཆོས་འཕེལ་ཡུལ་ཤུལ་ཀྲོའུ་འབྲི་སྟོད་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ཁོང་ཆུང་དུས་ནས་སློབ་ལ་བརྩོན་པས་སློབ་ཆེན་དུ་ཚུད་དེ་དབུལ་ཞིང་ཕོངས་པའི་ས་ཆ་དེ་ནས་ཐོན་ཏེ་བྱ་གཞག་ཆེན་པོ་ཞིག་བསྒྲུབས་པ་རེད།

    སློབ་ཆེན་ཐོན་རྗེས། བསོད་ནམས་ཆོས་འཕེལ་གྱིས་ཟི་ལིང་གྲོང་ཁྱེར་དུ་བསྡད་དེ་བྱུག་རྫས་ཚོང་པ་ཞིག་བྱེད་ཞོར་དུ་ལས་རིགས་ཀྱི་འབྲེལ་ཡོད་ཤེས་བྱ་སྦྱངས་ཤིང་། གྲགས་ཅན་དགེ་རྒན་མང་པོ་བརྟེན་ནས་འབྲེལ་བའང་ཡག་པོ་བཙུགས་ཡོད། 2014ལོར་བསོད་ནམས་ཆོས་འཕེལ་ཡུལ་ཤུལ་དུ་ལོག་པ་དང་སྦྲགས་ཡུལ་ཤུལ་གྱི་གཟུགས་བརྙན་ཞབས་ཞུ་ཀུང་སི་ཐོག་མ་དེ་བཙུགས་པ་རེད། ཡུལ་ཤུལ་གྱི་བྱད་བཞིན་མཛེས་བཟོའི་ལས་རིགས་འཕེལ་རྒྱས་ཡག་པོ་བྱུང་བ་མ་ཟད། བསོད་ནམས་ཆོས་འཕེལ་ཡང་སྐད་གྲགས་ཆོད་ཡོད།

    2015ལོར་བསོད་ནམས་ཆོས་འཕེལ་ཡུལ་ཤུལ་གྱི་གཞོན་ནུའི་ལས་གཏོད་མནའ་འབྲེལ་ལ་ཞུགས་པས་བཟའ་འཐུང་ཞབས་ཞུ་དང་། དྲ་སྦྲེལ། སྤུས་རྟགས་འཆར་འགོད། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་སོགས་ལས་རིགས་མི་འདྲ་བའི་ཕུལ་བྱུང་གསར་གཏོད་གཞོན་ནུ་མང་པོ་ངོ་ཤེས་པ་དང་ལས་གཏོད་ལམ་བུར་ཤེས་བྱ་མང་པོ་ཤེས་ཡོད། ཁྲོམ་རར་བརྟག་དཔྱད་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད། 2016ལོར་བསོད་ནམས་ཆོས་འཕེལ་གྱིས་ཁ་ཆེ་ཤ་སྐམ་མ་བཅོས་རྒྱུ་ཆར་བྱས་པའི་ཁྱད་ལྡན་གྱི་སྐྲ་འཁྲུད་རྫས་བློ་ཁོག་ཆེན་པོས་བཟོས་པ་མ་ཟད་སེང་ལྕམ་འབྲུག་མོ་ཞེས་མིང་བཏགས། བསོད་ནམས་ཆོས་འཕེལ་གྱིས“ཁ་ཆེ་ཤ་སྐམ་ནི་ང་ཚོ་གངས་ལྗོངས་ས་མཐོའི་རྩ་ཆེའི་རྩི་ཤིང་ཞིག་ཡིན་པ་དང་། དེ་མ་བཅོས་རྒྱུ་ཆར་བྱས་ཏེ་སྐྲ་འཁྲུད་རྫས་བཟོས་པ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད”ཅེས་བཤད།

    དཀའ་ཚེགས་ཆེ་བའི་འཚོལ་ཞིབ་བརྒྱུད། སེང་ལྕམ་འབྲུག་མོ་འཁྲུད་རྫས་བཟོས་པ་མ་ཟད་QSངོས་འཛིན་ཁས་ལེན་ཐོབ་པ་དང་སྦྲགས། འདི་ལོའི་ཟླ་3པར་ཀོང་ཀྲོའུ་བྱུག་རྫས་ཉོ་ཚོང་ཚོགས་འདུར་ས་མཐོའི་འཁྲུད་རྫས་སྤུས་རྟགས་ཨང་དང་པོ་དེར་གྱུར་པ་རེད།

    ལས་གཏོད་ལམ་བུར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་བསོད་ནམས་ཆོས་འཕེལ་རང་ཉིད་ཀྱིས་མྱོང་ཚོར་ཟབ་ཤོས་ཐུབ་ལ། གྲུབ་འབྲས་ཐོབ་རྗེས་ཀྱི་དགའ་ཚོར་ཡང་ཁོང་ལ་ཆེ་ཤོས་ཡོང་སྲིད། ད་ཆ། བསོད་ནམས་ཆོས་འཕེལ་གྱིས་ཐོན་རྫས་ཚབ་ཚོང་པ་40ལྷག་ཙམ་དང་ཕྱིར་ཚོང་གྲོས་ཆོད་ལ་མིང་རྟགས་བཀོད་དེ་སྔོན་རྩིས་ལྟར་ན་ཟླ་3རིང་ཁྲི་10འཚོང་ཐུབ་བཟོ་ཡོད་པ་རེད།

    བསོད་ནམས་ཆོས་འཕེལ་གྱིས་གྲུབ་འབྲས་ཐོབ་པ་ནི་ལས་གཏོད་བྱེད་མཚམས་འཇོག་པ་ཞིག་མ་ཡིན་པར་འབྱུང་འགྱུར་རང་ཉིད་དང་ཚོགས་པས་ད་དུང་ཁྱད་ལྡན་བྱུག་རྫས་མང་པོ་གསར་སྤེལ་བྱས་ཏེ། ཡུལ་ཤུལ་གྱི་སྤུས་རྟགས་གཏོད་རྒྱུ་མ་ཟད་ཡུལ་ཤུལ་གྱི་གཞོན་ནུ་དེ་བས་མང་བ་དང་ལྷག་དོན་དུ་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་ལས་གཏོད་དཔུང་ཁག་ཏུ་ཞུགས་རྒྱུར་སྐུལ་ལྕག་དང་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།