དབུ་ཤོག>ཞིང་འབྲོག་གསར་པ།
  • “སློབ་སྦྱོང་ལ་དགའ་བའི་ཧྲུའུ་ཅིའི”དབུལ་སྐྱོར་ཟིན་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-26

    རྟག་ཏུ་དགོང་མོར་ཆུ་ཚོད་གཉིས་སྤྱད་དེ་རྒྱ་ཡིག་འབྲི་ཀློག་སྦྱོང་བ་དང་། ལོ་རེར་ཉུང་མཐར་ཡང་སྒོར་1000ལྷག་བཏང་ནས་དཔེ་དེབ་ཉོ་གི་ཡོད་ཅིང་། སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་པའི་ཚེ་རྡོར་ནི་དཔལ་འབར་རྫོང་སྙེ་མོ་ཤང་ཞོལ་པ་གྲོང་ཚོའི་སློབ་སྦྱོང་ལ་དགའ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞེས་ཡུལ་དེར་སྐད་གྲགས་ཆོད་པ་རེད།

    “སློབ་སྦྱོང་ལ་དགའ་བའི་ཧྲུའུ་ཅི”དེའི་སྐོར་གླེང་སྐབས། གྲོང་མི་ཚོས“སྔོན་ཆད་གྲོང་མི་ཚོས་གཙོ་བོར་དབྱར་རྩྭ་དགུན་འབུ་དང་ཕྱུགས་རིགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཧྲུའུ་ཅི་ཚེ་རྡོར་གྱི་སྣེ་ཁྲིད་འོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་རེ་རེ་བཞིན་ལག་བསྟར་བྱས་པས། གྲོང་མི་ཚོའི་འཚོ་བ་ཇེ་ཡག་ཏུ་ཕྱིན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་སྤྲོ་སེམས་ཀྱང་འཕེལ་ཡོད”ཅེས་བསྟོད་བསྔགས་ཡང་ཡང་བྱེད།

    སྙེ་མོ་ཤང་ཞོལ་པ་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་ཞིང་། གྲོང་མི་ཚོས་ནས་དང་གྲོ་འདེབས་པ་དང་ནོར་ལུག་འཚོ་བར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་དང་། དབྱར་རྩྭ་དགུན་འབུ་དང་སྙི་བ་བརྐོས་ནས་འཚོང་བ་ནི་ཁོང་ཚོའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཡིན་པ་རེད། “ཇི་ལྟར་བྱས་ནས་དབུལ་ཕོངས་ལས་ཐར་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ”ནི་གྲོང་མི་ཚང་མའི་དཀའ་གནད་ཅིག་ཏུ་གྱུར་ཡོད་པ་རེད།

    “སློབ་སྦྱོང་ལ་དགའ་བའི་ཧྲུའུ་ཅི”ཚེ་རྡོར་གྱིས་འཕེལ་རྒྱས་གཏོང་བར། རང་ཉིད་ཀྱི་ལེགས་ཆ་དང་ཞན་ཆ་ཤེས་དགོས་པ་མ་ཟད། ད་དུང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བཟང་པོ་སློབ་སྦྱོང་བྱས་ནས་དཔྱད་གཞིར་ཡང་འཛིན་དགོས་བསམ་ཞིང་། ཁོང་གིས་དེ་ལྟར་བསམས་ལ་ལག་ལེན་དུའང་བསྟར་བ་རེད། 

    2014ལོར། S303གྱི་དཔལ་འབར་ནས་འབྲི་རུ་དུམ་བུ་སྐྲུན་འགོ་ཚུགས་པས། ཚེ་རྡོར་གྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཤིང་། ཞོལ་པ་གྲོང་ཚོ་S303རྒྱུད་དུ་ཆགས་པའི་ལེགས་ཆར་གཞིགས་པ་དང་། བྱེ་རྡོ་དགོས་མཁོ་ཆེ་བའི་མཐུན་རྐྱེན་དང་ཟུང་འབྲེལ་བྱས་ཐོག གྲོང་མི་དུད་ཚང་47སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་ཀྲི་པུའུ་དང་། ཀུང་སི། ཞིང་དུད་བཅས་མཉམ་དུ་འབྲེལ་བའི་སྙེ་མོ་ཤང་ཞོལ་པ་གྲོང་ཚོའི་བྱེ་རྡོ་ར་བ་བཙུགས་པ་རེད།

    དེ་ནི་ཞོལ་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་པོ་ཡིན་པ་རེད། ཤང་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་འོག ཞོལ་པ་གྲོང་ཚོའི་བྱེ་རྡོ་ར་བས་སྙེ་མོ་ཤང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བྱེ་རྡོ་མཁོ་འདོན་གྱི་ལས་ལ་ཧུར་ཐག་གཞོལ་བ་དང་། 2015ལོ་ཁོ་ནར་བྱེ་རྡོ་ར་བ་དེར་རིམ་རྩིས་བརྒྱབ་ན་དངུལ་སྨར་ཡོང་འབབ་སྒོར་ཁྲི་300ཙམ་རེག་པ་རེད།

    2016ལོའི་ལོ་འགོར། 《བྱེ་རྡོ་ར་བའི་ལག་བསྟར་ཞིབ་སྲོལ》ལྟར་འཕྲུལ་ཆས་ཉམས་གསོ་དང་སྣུམ་རྒྱུ་ཉོ་བའི་གྲོན་དངུལ་ཉར་རྗེས། ཚེ་རྡོར་གྱིས་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་དུད་ཚང་139ཚང་མ་བྱེ་རྡོ་ར་བའི་ཁེ་སྤོགས་བགོ་བཤའ་རྒྱག་ཁོངས་སུ་བཅུག་སྟེ་ཁྱོན་མ་དངུལ་སྒོར་ཁྲི་208བགོ་བཤའ་བརྒྱབ་པ་རེད།

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལས་ཁེ་སྤོགས་ཐོབ་རྗེས་གྲོང་མི་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་སྔར་བས་ཆེ་རུ་སོང་བ་དང་། ཚེ་རྡོར་གྱིས་ཡང་བསྐྱར་གོ་སྐབས་དམ་འཛིན་གྱིས་ཉེ་འགྲམ་གྱི་ཤང་དང་གྲོང་རྡལ་ལ་སློབ་སྦྱོང་བྱས་ཤིང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཐབས་ལམ་སྔར་བས་ཆེ་རུ་བཏང་བ་རེད།

    ཁོང་གི་སྣེ་ཁྲིད་འོག ཞོལ་པ་གྲོང་ཚོས་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དང་དབུལ་སྐྱོར་ཚོང་ཁང་སོགས་སྔ་རྗེས་སུ་བཙུགས་པ་དང་། 2016ལོར། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོངས་ལ་ཁྱོན་སྒོར་ཁྲི་180རེག་པ་རེད།

    ད་ཆའི་ཞོལ་པ་གྲོང་ཚོ་ནི་འབབ་འཕར་ཐབས་ལམ་སྔར་བས་མང་བ་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཡང་རིམ་བཞིན་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དུ་གྱུར་ཞིང་། དུད་ཚང་ཚང་མར་མ་རྐང་དང་མི་ཚང་མར་ཁེ་སྤོགས་ཡོད་པར་གྱུར་ལ། ཚེ་རྡོར་ལའང་དཔལ་འབར་རྫོང་གི་ཕུལ་བྱུང་ཏང་ཡོན་དང་། ཕུལ་བྱུང་གྲོང་ཚོའི་ལས་བྱེད་པ། སྙེ་མོ་ཤང་གི་ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ནས་གྲོང་མི་ཚོའི་ཁྲོད་དུ“མི་སྐད་གྲགས་ཅན”ཞིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།