དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷུན་གྲུབ་རྫོང་གིས་སྤྱི་ཕན་རྩྭ་འདེབས་ལ་བརྟེན་ནས་ཞིང་འབྲོག་པར་དབུལ་སྒྲོལ་འབབ་འཕར་ཡོང་བ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-30

    སྟོན་བསྡུའི་སྐབས་སུ། བོད་ལྗོངས་ལྷུན་གྲུབ་རྫོང་མཁར་རྩེ་ཤང་མཐོང་སྨོན་གྲོང་ཚོའི་ས་མཐོའི་འབྲོག་རར། ནམ་མཁའ་གཡའ་དག་ཅིང་ས་གཞི་སྔོ་ཐིང་ངེར་གནས་པ་དང་། ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་མིས་བཟོས་རྩྭ་རའི་ནང་གི་རྩྭ་སོས་པ་ཟ་བའི་རྣམ་པ་ཞིག་མངོན།

    ལོ་དུ་མའི་གོང་དུ། འདི་ག་ནི་རྡོ་ཧྲུག་གིས་ཁེངས་པའི་གྲམ་ཐང་རེད། ས་མཐོའི་སྐམ་ཤས་ཆེ་བའི་ཁོར་ཡུག་འོག རྡོའི་གསེང་ནས་སྐྱེས་པའི་རྩྭ་རྐང་ཁ་ཤས་ཀྱང་ནོར་ལུག་གིས་བཟས་རྗེས་རྩ་བ་ལས་ལྷག་གི་མེད།

    འདི་ལྟ་བུའི་འཕོ་འགྱུར་ནི་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱིས“གྱད་མི·ཁ་བཏགས་ལྗང་ཁུའི་བྱ་སྤྱོད”བོད་ལྗོངས་སྤྱི་ཕན་རྩྭ་འདེབས་བྱ་སྤྱོད་སྤེལ་རྗེས་བྱུང་བ་ཞིག་རེད། 2011ལོར། ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱིས“གྱད་མི·ཁ་བཏགས་ལྗང་ཁུའི་བྱ་སྤྱོད”སྤེལ་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་རྩྭ་བཏབ་པ་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ཡིན་པ་རེད། ལོ་8རིང་། རྣམ་གྲངས་དེས་བོད་ཀྱི་ས་ཁུལ་མང་པོར་སྤྱི་ཕན་རྩྭ་སྨི་ངོས་གྲུ་ཁྲི་800ལྷག་བཏབ་པ་དང་། མཐོང་སྨོན་གྲོང་ཚོའི་མིས་བཟོས་རྩྭ་ར་ནི་རྣམ་གྲངས་འདིའི་གྲུབ་འབྲས་གསར་ཤོས་ཤིག་རེད།

    ས་གཤིས་ལེགས་སུ་བཏང་རྗེས། རྣམ་གྲངས་སྤེལ་འགན་འཁུར་མཁན་བོད་ལྗོངས་ས་མཐོའི་རྩྭ་ལས་ལས་གྲྭ་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་འདི་ལོར་མཁར་རྩེ་ཤང་གི་དཔེ་སྣང་གྲོང་ཚོ་དང་མཐོང་སྨོན་གྲོང་ཚོར་རྩྭ་མུ་ཤུད་དང་ཡུག་པོ་སོགས་མུའུ་2250བཏབ་ཅིང་། ཟླ་ལྔ་པར་བཏབ་པ་ཟླ་དགུ་པར་སྔོ་ཐིང་ཐིང་གི་འབྲོག་རྩྭར་གྱུར་ཡོད་པ་རེད།

    “མིས་བཟོས་རྩྭ་རར་ཉིན་རེར་ལུག་ཆུ་ཚོད་གསུམ་འཚོས་ན་རང་བྱུང་རྩྭ་ཐང་དུ་ཆུ་ཚོད་10འཚོས་པ་དང་མཚུངས་བས་བཤས་གཏོང་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད”མི་ཐབས་ལ་བརྟེན་ནས་རྩྭ་བཏབ་ན་རང་བྱུང་སྔོ་ཁེབས་སླར་གསོ་དང་། ས་གཤིས་ལེགས་གཏོང་། བྱེ་འགྱུར་འགོག་བཅོས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བཅས་ལ་ཕན་པ་ཡོད་པ་མ་ཟད། རྦད་དེ་རང་བྱུང་རྩྭ་ཐང་ལ་བརྟེན་པའི་ས་གནས་དེ་གའི་ཞིང་འབྲོག་པ་ཚོའི་སྲོལ་རྒྱུན་གྱི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་བསྒྱུར་ནས་སྣོད་བཅུད་གནོན་ཤུགས་ཆུང་དུ་གཏོང་བ་དང་ཆབས་ཅིག ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་མང་དུ་གཏོང་ཐུབ་ཅེས་བོད་ལྗོངས་ས་མཐོའི་རྩྭ་ལས་ལས་གྲྭ་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝུའུ་ཅུན་ཤིས་ཀྱིས་བརྗོད།

    མཐོང་སྨོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་སྐྱིད་ཀྱིས་འདི་ལྟར་རྩིས་བརྒྱབ་པ་སྟེ། མི་ཐབས་ལ་བརྟེན་ནས་འདེབས་པའི་འབྲོག་རྩྭའི་ཐོན་འབབ་ལོ་རེར་མུའུ་རེ་ནས་རྩྭ་སྤྱི་རྒྱ་1600ཐོན་གྱི་ཡོད། མིག་སྔའི་སྤྱི་རྒྱ་རེར་སྒོར་1ནས་1.2ཀྱི་རིན་གོང་ལྟར་རྩིས་བརྒྱབ་ན། སྒོར་600ནས་700བར་གྱི་འདེབས་འཛུགས་དང་དོ་དམ་གྱི་མ་གནས་བཅག་ཀྱང་ད་དུང་མུའུ་རེ་ནས་ལོ་རེར་སྒོར་1000ནས་1200ཡས་མས་རག་གི་ཡོད། འབྲོག་རྩྭ་དེ་དག་ས་གནས་དེ་གའི་ཞིང་འབྲོག་པའི་ནོར་ལུག་གི་གཟན་རྩྭར་མཁོ་འདོན་བྱ་ཆོག་ལ། ལྷག་མ་རྣམས་གཟན་ཆས་བཟོས་ནས། ནོར་ལུག་བཤས་གཏོང་ཚད་མཐོ་རུ་བཏང་སྟེ་ཞིང་འབྲོག་པའི་ཡོང་འབབ་སྔར་བས་མང་དུ་གཏོང་ཆོག་ཅེས་ངོ་སྤྲོད་བྱས།

    “ང་ཚོས་རྩྭ་འདེབས་ཕྱུགས་སྐྱོང་གི་ཞིང་འབྲོག་པའི་མཉམ་ལས་ཁང་བཙུགས་ཡོད། སྔོན་རྩིས་བརྒྱབ་ན་མཉམ་ལས་ཁང་ལ་ཞུགས་མཁན་ཞིང་འབྲོག་དུད་ཚང་རེར་ལོ་རེར་ཆ་སྙོམས་ཁེ་སྤོགས་སྒོར་1000ནས་2000བར་དང་དུད་ཚང་དབུལ་པོར་སྒོར་3000རེ་བགོ་བཤའ་ཐོབ་ཀྱི་ཡོད”ཅེས་ཚེ་སྐྱིད་ཀྱིས་བརྗོད།

    ལྷུན་གྲུབ་རྫོང་མཁར་རྩེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལྷག་ཆུང་གིས་མིས་བཟོས་རྩྭ་ར་ལ་བརྟེན་ནས་ས་གནས་དེ་གའི་ས་གཤིས་ལེགས་སུ་གཏོང་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་ཕན་པ་ཆེན་པོ་ཐོབ་ཡོད། འདི་ལོར་དཔེ་སྣང་གྲོང་ཚོའི་མཉམ་ལས་ཁང་དང་མཐོང་སྨོན་གྲོང་ཚོས་གཟན་རྩྭ་འདེབས་འཛུགས་ལ་མཉམ་དུ་དོ་དམ་བྱས་པ་དེས་གྲོང་ཚོ་དེ་གཉིས་ཀྱི་དུད་ཚང་174ཡི་མི་གྲངས་2413ལ་ཕན་པ་ཐོབ་པ་དང་། དེ་དག་ཁྲོད་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་69ཡི་མི་གྲངས་289ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། ལྷ་དབང་ཚེ་འཕེལ་གྱིས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།