“ཏང་དང་སྲིད་གཞུང་གི་འགོ་ཁྲིད་དང་ཡུལ་མི་ཚོའི་རྒྱབ་སྐྱོར་འོག རང་ཉིད་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་བྱུང་། ད་ཆ་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་དང་ཕ་ཡུལ་ལ་དྲིན་ལན་འཇལ་ཏེ་ཚང་མ་ཕྱུག་འགྱུར་ལམ་བུར་སྣེ་ཁྲིད་བྱེད་པའི་དུས་སུ་སླེབས་འདུག”ཅེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཚེ་དབང་བསམ་གྲུབ་ཀྱིས་བཤད།
རྩྭ་མདའ་རྫོང་གི་འབྲོག་པ་ཚེ་དབང་བསམ་གྲུབ་ལ་དཀའ་ངལ་ཁྱད་བསད་དང་དཔའ་མི་ཞུམ་པའི་ལས་གཏོད་ཀྱི་སྙིང་སྟོབས་ལྡན། ཏང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པའི་ལྕག་སྐུལ་འོག་སྔ་རྗེས་སུ་ཇ་ཁང་དང་མགྲོན་ཁང་སོགས་བཙུགས་པ་དང་། མང་ཚོགས་དབུལ་པོ་སྣེ་ཁྲིད་དེ་ཆེད་ལས་མཉམ་ལས་ཁང་བཙུཌ་ནས་གསོ་ཚཌ་ལས་རིགས་འཕེལ་རྒྱས་བཏང་བ་མ་ཟད། མཉམ་དུ་ཕྱུར་འགྱུར་གྱི་ལམ་བུར་བསྐྱོད་པ་རེད།
2013ལོར། སྐབས་དེ་དུས་རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཀྱི་ལས་རོགས་ཉེན་རྟོག་པ་ཡིན་པའི་ཚེ་དབང་བསམ་གྲུབ་ཀྱིས་རྩྭ་་མདའ་རྫོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་ད་ཡོད་མགྲོན་ཁང་གིས་ཡུལ་སྐོར་བའི་དགོས་མཁོ་སྐོང་མི་ཐུབ་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་བ་བརྒྱུད་ནང་མི་ཚོའི་ཁ་ཏ་བསླབ་བྱར་མ་ཉན་པར་ལས་རོགས་ཉེན་རྟོག་པའི་ལས་ཀ་ནས་རྦད་དེ་དགོངས་པ་ཞུས་ཏེ། རྫོང་གྲོང་དུ་ཇ་ཁང་ཞིག་བཙུགས་པ་དང་དེ་རྗེས་མགྲོན་ཁང་གཉེར་ནས་ཕྱུག་འགྱུར་ལམ་བུར་མགྱོགས་མྱུར་བསྐྱོད་ཐུབ་པ་བྱུང་བ་རེད།
ཁོང་གིས་དེར་བློ་ཡིད་ཚིམ་ནས་མ་བསྡད་པར་རྩྭ་མདའ་རྫོང་གི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་མེད་པ་དང་རྫོང་གྲོང་ནས་ཤང་ཁག་ཏུ་བསྐྱོད་པར་འགྲུལ་སྐྱེལ་རླངས་འཁོར་གཅིག་ཀྱང་མེད་པའི་གནས་ཚུལ་འགྱུར་ལྡོག་གཏོང་དགོས་སྙམ་སྟེ། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གཅིག་ཉོས་ནས་རྫོང་གྲོང་ནས་བྱང་རྩེ་ཤང་བར་སྐྱོད་པའི་འགྲུལ་སྐྱེལ་ལས་སྒོ་འགན་གཙང་བླངས་པས། ཡུན་རིང་མ་སོང་བར་ཡོང་འབབ་ཡག་པོ་རག་སྟེ་འཚོ་བའང་ཇེ་ཡག་ཏུ་སོང་བས་སན་ལིང་རྟགས་ཅན་གྱི་བྱེས་བགྲོད་རླངས་འཁོར་གཅིག་ཉོས་པ་རེད། དགའ་ཉེ་སྤུན་མཆེད་དང་ཡུལ་མི་ཚོས་ཁོང་འཇོན་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།
ཚེ་དབང་བསམ་གྲུབ་ཀྱིས་མདུན་སྐྱོད་ཀྱི་གོམ་སྟབས་མུ་མཐུད་སྤོ་བཞིན་ཡོད། བརྙན་འཕྲིན་དང་དྲ་བའི་ཐོག་ནས་སློབ་སྦྱོང་བྱས་པ་བརྒྱུད། ཁོང་གི་མཐོང་རྒྱ་ཆེ་རུ་ཕྱིན་ནས་ད་ཆ་ཞིང་འབྲོག་མང་ཚོགས་མང་ཆེ་བའི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་རྣམ་པ་ཁེར་རྐྱང་ཡིན་པས་ཕན་འབྲས་དེ་ཙམ་ཐོན་གྱི་མེད་པ་མ་ཟད། ན་གཞོན་མང་ཆེ་བ་ཕྱིར་གླ་པ་རྒྱུག་པར་བསྐྱོད་དེ་ཕ་ཡུལ་དུ་ས་ཞིང་འདེབས་པ་དང་ཕྱུགས་འཚོ་བར་ཡོང་འདོད་བྱེད་ཀྱི་མེད་པས་ཞིང་འབྲོག་ལས་དང་དཔལ་འབྱོར་འཕེལ་རྒྱས་ཐད་གསོན་ཤུགས་མི་འདང་བའི་གནས་ཚུལ་ཐོན་ཡོད། ཕྱུགས་རིགས་དང་། རྩྭ་ར། ཞིང་ཁ་བཅས་ཐོན་སྐྱེད་རྒྱུ་ཆ་དེ་དག་མཉམ་ལས་ཁང་གི་རྣམ་པ་བརྒྱུད་མི་རྒྱུ་དངུལ་གསུམ་གཅིག་སྡུད་བྱས་ཏེ་ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་ཞིང་འབྲོག་པ་རྐང་བདག་འགྱུར་བ་བྱས་ནས་ཞིབ་ལས་ཅན་དང་ཐོན་ལས་ཅན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་འཁོར་བ་རེད།
2017ལོའི་ཟླ་5པར་ཚེ་དབང་བསམ་གྲུབ་ཀྱིས་མི་ཚང་མས་བསམ་ཤེས་བྱེད་དཀའ་བའི་སེམས་ཐག་ཅིག་བཅད་པ་སྟེ། མགྲོན་ཁང་ནང་བཤུག་བཏང་སྟེ་གྲོང་ཚོའི་ནང་ལས་གཏོད་བྱས་ནས་ཡུལ་མི་ཚོ་དབུལ་སྒྲོལ་ཕྱུག་འགྱུར་སྣེ་ཁྲིད་བྱེད་པར་ཡོང་། 2017ལོའི་ཟླ་5ཚེས་28ཉིན་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཞིང་འབྲོག་པ་དུད་ཚང་26གི་མི་103དང་ཤང་དང་གྲོང་ཚོ་ཚོགས་ཆུང་བཅས་ཀྱི་རྒྱབ་སྐྱོར་འོག་ཚེ་དབང་བསམ་གྲུབ་ཀྱིས་བྱང་རྩེ་ཤང་བྱང་རྩེ་གྲོང་ཚོར་ལུག་གསོ་ཚགས་མཉམ་ལས་ཁང་བཙུགས། ཞིང་འབྲོག་མང་ཚོགས་ཀྱིས་དངུལ་སྨར་ཁྱེར་ནས་མ་རྐང་ལ་ཞུགས་པའམ་ཡང་ན་ལུག་ལ་བརྟེན་ནས་མ་རྐང་ལ་ཞུགས་ཏེ་ཁྱོན་མ་དངུལ་སྒོར་ཁྲི་100ཟིན་གྱི་ཡོད་པ་རེད།
དུས་ཐུང་ལོ་ཕྱེད་ནང་མཉམ་ལས་ཁང་ལ་ཡོང་འབབ་ཡག་པོ་བྱུང་ཡོད། འདི་ལོའི་ཟླ་6པར་ཚེ་དབང་བསམ་གྲུབ་ཀྱིས་མཉམ་ལས་ཁང་ལ་ཞུགས་པའི་མང་ཚོགས་ལ་སྒོར་ཁྲི་20ལྷག་ཙམ་བགོ་འགྲེམ་བརྒྱབ་པ་དེའི་ནང་དུད་ཚང་དབུལ་པོ་གཉིས་ལ་སྒོར་ཁྲི་1.48རག་པ་རེད།
ད་ཆ་ལུག་གསོ་ཚགས་མཉམ་ལས་ཁང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་ལུག་400ལྷག་ཙམ་ཡོད་པ་མ་ཟད། འདོད་བློ་ཡོད་པའི་མང་ཚོགས་དབུལ་པོ་20ལྷག་ཙམ་མཉམ་ལས་ཁང་ལ་འཇུག་རྒྱུའི་འཆར་གཞི་ཡོད་པ་རེད། ད་ལྟའི་གྲུབ་འབྲས“དེ་དག་ཚང་མ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་དང་ཡུལ་མི་ཚོ་འཚོ་བ་ཕྱུག་པོ་ཞིག་སྐྱེལ་བ་མཐོང་སྐབས་ང་སེམས་པ་སྐྱིད་པོ་འདུག”ཅེས་ཚེ་དབང་བསམ་གྲུབ་ཀྱིས་བཤད།