རྒྱལ་ཁབ་ཀྱིས་སློབ་ཆེན་སློབ་མའི་ལས་གཏོད་ལ་གཟིགས་སྐྱོང་སྲིད་ཇུས་དང་ཤུགས་ཆེའི་རྒྱབ་སྐྱོར་བྱས་པས་སེམས་ནང་ཕུགས་འདུན་འཆང་བཞིན་འབད་བརྩོན་བྱེད་བཞིན་པའི་ལས་གཏོད་མཁན་ཚོར་སྒུལ་ཤུགས་གསར་པ་བསྣན་ཡོད། དཔེར་ན་ཡེ་ཤེས་ཀྱིས་ཕུགས་འདུན་འཆང་བཞིན་ལས་གཏོད་ཀྱི་མཁའ་དབྱིངས་སུ་གཤོག་རྩལ་ངོམ་བཞིན་པ་ལྟར་རོ།
“ཆུང་བྱིས་པའི་དུས་སུ་ཁྱིམ་དུ་ལྟ་བཟོ་ཡོད་པའི་གློག་ཆས་སྒྲ་སྡུད་འཕྲུལ་འཁོར་གཅིག་ལས་མེད། དེར་བརྟེན་ངའི་བྱིས་དུས་ཀྱི་དྲན་གསོ་མང་ཆེ་བ་སྒྲ་སྡུད་འཕྲུལ་འཁོར་དེ་དང་འབྲེལ་བ་ཡོད”ཅེས་འདི་ལོ་ལོ་25ལ་སླེབས་པའི་ཡེ་ཤེས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།
སློབ་ཆེན་འགྲིམ་སྐབས་ཡེ་ཤེས་ཀྱིས་སློབ་གྲོགས་ཀྱི་ས་ནས་སྒྲ་ཕབ་འཕྲུལ་འཁོར་ཐེངས་དང་པོ་སྤྱོད་རྒྱུ་བྱུང་བ་དང་། སློབ་གྲོགས་དེས་སློབ་ཆེན་ཐོན་སྐབས་ཡེ་ཤེས་ལ་སྒྲ་ཕབ་འཕྲུལ་འཁོར་དེ་སློབ་ཐོན་ལག་རྟགས་སུ་སྤྲད། “ང་ཆུང་དུས་ནས་སྒྲ་སྡུད་འཕྲུལ་འཁོར་ཉན་རྒྱུར་དགའ་བ་དང་སློབ་ཆེན་ལོ་རིམ་དང་པོ་ནས་སྒྲ་ཕབ་བྱ་རྒྱུར་དབྱིངས་ཞུགས་བྱུང”
སློབ་གྲྭ་ཐོན་རྗེས་ཡེ་ཤེས་ཀྲུང་གོ་སྲོག་རྟེན་འགན་བཅོལ་ལྷ་ས་ཡན་ལག་ཀུང་སིའི་ལས་ཀར་ཞུགས། འོན་ཀྱང་ཁོང་གིས་སྔར་བཞིན་སྒྲ་ཕབ་ལས་རིགས་ལ་བརྩེ་བ་འཆང་པ་དང་དགའ་མོས་བྱེད་ཀྱི་ཡོད། མཐར་ཡེ་ཤེས་ཀྱིས་ནང་མིའི་ངོ་རྒོལ་ལ་མ་བལྟོས་པར་ལས་དགོངས་ཞུས་ཏེ་སྨྱན་སྦྱོར་ཀུང་སི་ཞིག་ཏུ་ལས་ཀ་བྱེད་པར་བསྐྱོད།
ཡེ་ཤེས་ཆུང་དུས་ནས་སྒྲ་ཕབ་ལ་དགའ་པོ་ཡོད་མོད། འོན་ཀྱང་ཁོང་གིས་ལས་རིགས་དེར་རྒྱུས་མངའ་གཏན་ནས་མེད། ཡུན་རིང་སློབ་སྦྱོང་དང་ཉམས་མྱོང་གསོག་འཇོག་བརྒྱུད་ཡེ་ཤེས་ཀྱི་སྒྲ་ཕབ་ཐད་ཀྱི་ལེགས་ཆ་མངོན་གསལ་དོད་པོས་མངོན་ཡོད། ལས་ཞུགས་བྱེད་སའི་སྨྱན་སྦྱོར་ཀུང་སི་དེར་ཁོང་གིས་སྔ་རྗེས་སུ་ཆེད་དོན་གློག་བརྙན་དང་། འགུལ་རིས་གློག་བརྙན། བརྙན་འཕྲིན་ཟློས་གར་བཅས་ཀྱི་སྒྲ་ཕབ་ལས་ཀར་ཞུགས་ནས་རང་ཉིད་ཀྱི་སྨྱན་སྦྱོར་ལམ་བུར་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད།
2016ལོར་ཡེ་ཤེས་ཀྱིས་སྨྱན་སྦྱོར་ལས་རིགས་འཕེལ་རྒྱས་ལ་རྒྱ་ཆེའི་བར་མཐོངས་དང་མདུན་ལམ་བཟང་པོ་ལྡན་པ་རྟོགས་ནས་སེམས་ཐག་བཅད་དེ་ལས་གཏོད་ལམ་བུར་སྐྱོད་འགོ་ཚུགས། དཀའ་གནད་རེ་རེ་ཡིས་ཡེ་ཤེས་ལ་ཕམ་ཉེས་ཀྱི་མྱོང་ཚོར་ཆེན་པོ་སྐྱེས་ནས་བློས་གཏོང་བྱེད་དགོས་སམ་ཡང་ན་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་མིན་ཐེ་ཚོམ་སྐྱེས། སྟེས་དབང་གི་གོ་སྐབས་ཤིག་ལས་ཡེ་ཤེས་ཀྱིས་ཉ་འཛིན་མཁན་པོ་ཞེས་པའི་དྲ་ཐོག་རོལ་རྩེད་ཀྱི་གསར་གཏོད་པ་ཁྲེན་ཧའོ་ཀྲིའི་འཆད་ཁྲིད་ཉན་རྗེས་ལས་གཏོད་སྙིང་སྟོབས་ཀྱི་མེ་ལྕེ་སླར་ཡང་མཆེད།
ཡེ་ཤེས་ལ་ལྷ་ས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྐད་སྒྱུར་རྣམ་གྲངས་ཤིག་རག་ནས་མི་ཚེའི་ཡོང་འབབ་དང་པོ་དེ་རག་པ་མ་ཟད། ད་དུང་ལས་རིགས་ནང་ཁུལ་དུ་རང་ཉིད་ཀྱི་ཤེས་བྱ་ངོམ་ཐུབ་པ་བྱུང་སྟེ་ཚང་མའི་ཁས་ལེན་ཐོབ་ནས་རྣམ་གྲངས་ཀྱང་མང་པོ་ཞིག་རག དེ་རྗེས་ཁོང་གིས་ཀྲུང་དབྱང་མི་དམངས་ཀུང་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཉམ་ལས་བྱས་ནས“ར་བཟི་འཁོར་གཏོང་མི་བྱེད་པ”དང“བུད་མེད་ལ་དགའ་གཅེས་བྱེད་དགོས”སོགས་ཀྱི་ལེའུ་20ཡི་སྤྱི་ཕན་རང་བཞིན་གྱི་བརྡ་ཆའི་པར་གཞི་སྐད་སྒྱུར་བྱས་ཡོད། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ《“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”》དང“ཏང་གི་ཚོཌ་ཆེན་བཅུ་དགུ་པར་བསུ་བ་ཞུས་ནས《གླུ་སྒྲས་བརྩེ་སེམས་མཚོན》ལྷོ་བྲག་ཏུ་བསྐྱོད་པ”་བཅས་ཀྱི་འཁྲབ་སྟོན་བྱེད་སྒོ་མང་པོ་པར་ལེན་བྱས་ཡོད།
“ང་རང་ལ་བག་ཆགས་ཟབ་ཤོས་ནི་ཐག་རིང་ལུང་ཁུག་གི་ཕྲུ་གུས‘སྤྲུལ་པའི་རྡོ་རྗེ’གང་ཡིན་མིན་མ་ཤེས་པ་དེ་རེད། ངས《སྤྲུལ་པའི་རྡོ་རྗེ》དང་འདྲ་བའི་ཕུལ་བྱུང་གློག་བརྙན་མང་པོ་བོད་སྐད་དུ་བསྒྱུར་ནས་བརྙན་འཕྲིན་དུ་བསྟན་ཏེ་ཕྲུ་གུ་སྔར་བས་མང་བས་ཕྱི་རོལ་གྱི་འཇིག་རྟེན་རྟོགས་སུ་འཇུག་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་ཡེ་ཤེས་ཀྱིས་བཤད། མིག་སྔར་ཡེ་ཤེས་ཀྱིས་བོད་ལྗོངས་ས་ཁུལ་གྱི་དམངས་ཁྲོད་སྒྲུང་གཏམ་འཚོལ་བསྡུ་བྱེད་ཀྱི་ཡོད། ཁོང་གིས་ནང་སའི་ཀུང་སི་དང་མཉམ་ལས་བྱས་ཏེ་དེ་དག་རླུང་འཕྲིན་ནམ་ཡང་ན་འགུལ་རིས་གློག་བརྙན་བརྒྱུད་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱ་རྒྱུ་མ་ཟད། ནང་ས་དང་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་ལེཌ་གྲས་ཉོས་ཏེ་བོད་སྐད་དུ་བསྒྱུར་ནས་རིག་གནས་མཉམ་སྤྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།