ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་། ལོ་རྒྱུས་རིག་གནས། གསར་བརྗེའི་རིག་གནས། མི་རིགས་སྲོལ་རྒྱུན་རིག་གནས་དང་དེ་བཞིན་ཁྱད་འཕགས་ཀྱི་སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆ་མང་པོར་བརྟེན་པ་དང་། “བྱ་ཐབས་ཁག་དྲུག”དམ་འཛིན་བྱ་གཞིར་བྱས་པ། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་རྒྱུ་བཅས་གཙོ་གནད་དུ་བྱས་ནས་གྲོང་གསེབ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་ཡུལ་སྐོར་ལས་རིགས་ཀྱིས་མི་10762དབུལ་སྒྲོལ་གྱི་སྣེ་ཁྲིད་ཐུབ་པ་དང་མི་2762ལས་ཞུགས་ཐུབ་ཡོད་པ་རེད།
འཆར་འགོད་དང་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཀའི་བསམ་ཕྱོགས་ཁ་གསལ་བཟོས་པ། གྲོང་ཨུད་ཀྱི“6677”ལས་ཀའི་སྤྱིའི་བསམ་ཕྱོགས་ལ་གཞིགས་པ་དང་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས《གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་ཀྱི་འཆར་འགོད》དང་རྒྱལ་རྩེའི་རྩེ་ཆེན་ཤར་གྲོང་ཚོ་དང་། རིན་སྤུངས་དཀར་པོ་ལྕོག་ཀ་གྲོང་ཚོ། དིང་རི་བཀྲ་ཤིས་འཛོམས་གྲོང་ཚོ་བཅས་ཀྱི་ཡུལ་སྐོར་དབུལ་སྐྱོར་གྱི་འཆར་འགོད་དང་པ་གསུམ་གྲོང་ཚོའི་ཡུལ་སྐོར་དཔེ་སྟོན་གྲོང་ཚོའི་འཆར་འགོད་སོགས་འཆར་འགོད་ལྔ་བཟོས་ཡོད། ཡུལ་སྐོར་གནད་སྨིན་དབུལ་སྐྱོར་ཚུད་པའི་གྲོང་ཁྱེར་དེ་ཡོངས་ཀྱི་ཇོ་མོ་གླང་མའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྤུས་རྟགས་གཟུགས་བརྙན་དང་། བར་མཐོངས་ཀྱི་བཀོད་པ། འཐབ་ཇུས་དང་བྱེད་ཐབས་དང་དེ་བཞིན་འདེགས་སྐྱོར་རྣམ་གྲངས་ལ་རྩེ་རིམ་ཇུས་འགོད་བྱ་རྒྱུའང་ཚུད་ཡོད་པ་རེད།
རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཞབས་ཞུ་སྒྲུབ་ནུས་ཆེ་རུ་བཏང་བ། ཧི་མ་ལ་ཡའི་རོང་ལྔ་དང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཡུག་སྦྲེལ་ཡུལ་སྐོར་ཐོན་ཁུངས་འཕེལ་རྒྱས་ཧུར་ཐག་བཏང་ནས་གཏིང་སྐྱེས་ཀྱི་འདྲེན་ཐང་རོང་དང་། རྣམ་གླིང་གི་སེའུ་རོང་། ཁང་དམར་གྱི་གནས་རྙིང་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ། སྐྱིད་གྲོང་གླང་བཅུ་རོང་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་དང་མཚོན་རྟགས་སོགས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བས་ཡུལ་སྐོར་ཐོན་ལས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། མིག་སྔའི་བར་རྣམ་གྲངས་6ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་1ཙམ་བཏང་ཡོད་པ་རེད།
Aརིམ་པའི་མཛེས་ལྗོངས་ཁུལ་བཏོད་ནས་ཁྱད་ལྡན་གྱི་བཀྲག་མདངས་འཚེར་ས་མངོན་པར་བྱས་པ། ས་ཁུལ་དབུལ་པོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཡུལ་སྐོར་གྱི་ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་20སྒྱུར་བཀོད་རིམ་སྤོར་བྱས་པ་དང་། ས་སྐྱ་གནའ་གྲོང་དང་གྲོ་མོའི་མཐའ་མཚམས་སྣོད་བཅུད་ཡུལ་སྐོར་ཁུལ་དེ་དག་མཛེས་ལྗོངས་ཁུལ་རྩེ་གྲའི་ཚོད་ལྟའི་ནང་བཅུག་པ་རེད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་དབུལ་པོར་Aརིམ་པའི་མཛེས་ལྗོངས་ཁུལ་43དང་ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་104ཡོད་པ་ལས་མི་8748དབུལ་སྒྲོལ་ཐུབ་ཡོད་པ་རེད།
དབུལ་སྐྱོར་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་སྐུལ་ཁྲིད་ཀྱི་ཕན་འབྲས་ལ་ཤུགས་སྣོན་བརྒྱབ་པ། ཡུལ་སྐོར་གྱི་གནད་སྨིན་དབུལ་སྐྱོར་དཔེ་སྟོན་གྲོང་ཚོ་བསྐྲུན་པར་བརྟེན་ནས་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་སྟེ་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་པ་གསུམ་གྲོང་ཚོར་ཡུལ་སྐོར་དབུལ་སྐྱོར་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་པ་དང་། རིམ་པ་དེ་གའི་ནོར་སྲིད་ཀྱི་ཡུལ་སྐོར་ཆེད་སྤྱོད་མ་དངུལ་ནས་ཆེད་དམིགས་འགྲོ་གྲོན་སྒོར་ཁྲི་400ལྷག་ཙམ་བཏང་སྟེ་གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་ཡུལ་སྐོར་དབུལ་སྐྱོར་ལས་དོན་ཐད་རྒྱབ་སྐྱོར་བྱས་པ། “ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ”བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཡུལ་སྐོར་ལས་དོན་ཁང་9དང་གྲོང་ཁུལ་གྱི་སྐར་མ་རིམ་བཞི་ཡན་གྱི་གསོལ་མགྲོན་ཁང་9ཡིས་ཡུལ་སྐོར་དབུལ་སྐྱོར་གྱི་གྲོང་ཚོ་18ལ་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱས་ཏེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་152ལ་སྒོར་536593རི་བའི་དངོས་པོ་སྤྲད་པ་དང་། མི་17གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ། དུད་ཚང་དབུལ་པོ་2ཀྱི་བུ་ཕྲུག་སློབ་གྲྭར་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད།
ལས་སྒོའི་གསོ་སྦྱོང་ལ་ཤུགས་བརྒྱབ་ནས་མིའི་བྱང་ཚད་མཐོ་རུ་བཏང་བ། ཡུལ་སྐོར་གྱི“མི་བརྒྱའི”གསོ་སྦྱོང་འདུ་འགོད་ལག་ལེན་བསྟར་ནས་གཅིག་སྡུད་སློབ་གཉེར་དང་། ཕྱི་ཕྱོགས་སུ་གསོ་སྦྱོང་། ས་གནས་ས་ཐོག་ཏུ་སློབ་ཁྲིད་སོགས་རྣམ་པ་སྣ་ཚོགས་ཀྱི་བྱ་ཐབས་སྤྱད་པ་དང་། ཡུལ་སྐོར་དབུལ་སྐྱོར་གྱི་གྲོང་ཚོ་དང་གཙོ་གནད་མཛེས་ལྗོངས་ཁུལ(ས་ཚིགས)34ཡི་གྲོང་དཔོན་སློབ་གྲྭ་ཆེ་མོ་བ་དང་ཡུལ་སྐོར་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་54ནང་སར་སྔོན་ཐོན་གྱི་འདུ་ཤེས་དང་ལས་ཀའི་བྱེད་སྟངས་སློབ་སྦྱོང་བྱེད་པར་མངགས་པ་དང་། ཡུལ་སྐོར་གྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་4རིམ་པར་གཉེར་ཏེ་ཞིང་འབྲོག་མང་ཚོགས་125ལ་གསོ་སྦྱོང་བྱས་ཡོད། གསོ་སྦྱོང་བརྒྱུད་ཡུལ་སྐོར་ཕྱུག་འགྱུར་སྣེ་ཁྲིད་པའི་གཉེར་སྐྱོང་གཞི་ཁྱོན་ཆེ་རུ་ཕྱིན་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་200ལྷག་ཙམ་ལས་ཞུགས་ཐུབ་ཡོད་པ་རེད།
དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆེ་རུ་ཕྱིན་པ། གཞིས་རྩེའི་ཡུལ་སྐོར་གྱི་གཞུང་ཕྱོགས་དྲ་བ་དང་། སྐད་འཕྲིན་དང་དཔོད་ཕྲན་ལས་སྟེགས་ལ་བརྟེན་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ལམ་རྒྱུད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་ཁུལ་དབུལ་པོའི་ཡུལ་སྐོར་གྱི་སྙན་གྲགས་ཆེ་རུ་བཏང་ཡོད། 2018ལོའི་ལོ་སྟོད་དུ་རྫོང་དང་ཆུས་ཁག་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་133.46ལ་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་4.05བྱུང་ཡོད་པ་རེད།