ད་ཕན་ལོ་ཤས་རིང་རིན་སྤུངས་རྫོང་གིས་རང་ཉིད་ཀྱི་ལེགས་ཆར་གཞི་ཚུགས་པ་དང་གནད་སྨིན་ཤུགས་འདོན་དང་ཇུས་འདོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་འབྲུ་རིགས་དང་། འབྲོག་ལས། གཟན་རྩྭ། ལས་སྣོན་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ་རེད།
ནས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས་འབྲུ་རིགས་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱས་པ། ནས་ཐོན་འཕར་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་ཐོན་འབབ་དམའ་འབྲིང་གི་ཞིང་ཁ་མུའུ་ཁྲི་གཅིག་སྒྱུར་བཀོད་བྱས་པ་དང་། ནས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་6.3དོན་འཁྱོལ་བྱས་ཡོད། ཞིང་ལས་ལག་རྩལ་ཁྱབ་གདལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་འཕྲུལ་རྨོད་འཕྲུལ་འདེབས་མུའུ་ཁྲི་5དང་། ས་ཞིང་མུའུ་6577ས་ཁོད་སྙོམས་པ། ནད་དང་འབུའི་གནོད་འཚེ་མུའུ་ཁྲི་2.5གཅིག་གྱུར་ཐོག་འགོག་བཅོས་བྱས་པ། ཆུ་འགོག་ཆུ་རགས་དང་ཡུར་བུ་སྨི་5000ཙམ་ཉམས་བཟོ་བྱས་པ། ཞིང་རྩལ་མི་སྣ་94“རིམ་དབྱེ་འགན་ལེན་དང་གནས་དང་མི་གཏན་འཁེལ”གྱི་བྱེད་ཐབས་ཐོག་ནས་ཞིང་ནང་དང་མུའུ་ཁར་བཏང་ནས་ལག་རྩལ་མཛུབ་ཁྲིད་ཞབས་ཞུའི་ལས་དོན་སྤེལ་བ་རེད།
འབྲི་གཡག་དང་ལུག་གསོ་ཚགས་བྱས་ཏེ“འབྲོག་ལས”ལ་བརྟེན་ནས་འབབ་འཕར་ཡོང་བ་བྱས་པ། རིན་སྤུངས་རྫོང་གིས་འབྲི་གཡག་དང་ཧོར་པའི་ལུག་གསོ་ཚགས་བྱ་རྒྱུ་གཙོ་བོར་བཞག་པ་དང་།“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་འབྲོག་དུད་ཚང”བཅས་ཟུང་འབྲེལ་གྱི་ཐོན་ཚོང་འབྲེལ་མཐུད་བྱེད་ཐབས་སྤྱད་དེ་བཟང་བཟང་གི་འབྲི་གཡག་དང་ཧོར་པའི་ལུག་གསོ་ཚགས་རགས་ལས་ཀྱི་གཉེར་སྐྱོང་ནས་ལེགས་བསྡུས་ཞིབ་གཉེར་གྱི་ཕྱོགས་སུ་སྒྱུར་བ་དང་དགུན་དུས་བཤས་གཏོང་རྒྱུ་དེ་དུས་ཚིགས་ཚང་མར་བཤས་གཏོང་བའི་ཕྱོཌ་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།
མི་ཐབས་ལ་བརྟེན་ནས་རྩྭ་བཏབ་ནས“གཟན་རྩྭར”བརྟེན་ནས་འབབ་འཕར་ཡོང་བ་བྱས་པ། ཞིང་འབྲོག་ལས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་མ་དངུལ་སྒོར་ཁྲི་4400བཏང་ནས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་རྟེན་གཞི་མུའུ་ཁྲི་1.5གསར་སྐྲུན་བྱས་པ་དང་འབྲེལ་དུས་གཅིག་ཏུ་སྤུས་ལེགས་རྩྭ་ཐང་དུ་ཆུ་འདྲེན་ཡུར་བུ་བསྐྲུན་ནས་ས་གནས་དེ་རང་དང་ཐག་ཉེ་སར་གཟན་རྩྭ་མཁོ་སྤྲོད་ཐུབ་པ་བྱས་ཡོད། རྫོང་ཡོངས་ཀྱི་ཕྱུགས་མེད་པའི་དུད་ཚང་དང་ཕྱུགས་ཉུང་བའི་དུད་ཚང་5972ཀྱི་རྩྭ་ར་མུའུ་ཁྲི་498.66གསོ་ཚགས་དུད་ཚང་ཆེ་གྲས་དང་། ཁྱིམ་ཚང་འབྲོག་ར། ཆེད་ལས་མཉམ་ལས་ཁང་བཅས་ཀྱི་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས་བོགས་གཏོང་བྱས་ཏེ་ཕྱུགས་མེད་པའི་དུད་ཚང་དང་ཕྱུགས་ཉུང་བའི་དུད་ཚང་གི་ཡོང་འབབ་འཕར་བར་བྱས་པ་རེད།
ལག་ཤེས་བཟོ་ལས་འཕེལ་རྒྱས་བཏང་ནས“ལས་སྣོན”ལ་བརྟེན་ནས་འབབ་འཕར་ཡོང་བ་བྱས་པ། ས་གནས་ཀྱི་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་ལས་སྔོག་འདོན་བྱས་ཏེ་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། མིག་སྔར་རྫོང་ཡོངས་སུ་ཁ་གདན་དང་སྣམ་བུ་དང་དེ་བཞིན་སྒྲ་བརྙན་དང་ལྤགས་ཚགས་སོགས་ཁྱད་ལྡན་ལག་ཤེས་བཟོ་ལས་དངོས་ཚན་11ཡོད་པ་དང་ཐོན་རྫས་རིགས་20དང་སྣ་ཁ་90ལྷག་ཙམ་གྱི་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་700ལྷག་ཙམ་ཟིན་ནས་མང་ཚོགས་དབུལ་པོ་200ལྷག་ཙམ་ལས་ཞུགས་དབུལ་སྒྲོལ་ཐུབ་ཡོད་པ་རེད།