ལོ་ངོ་7000ལྷག་ཙམ་གྱི་རང་རྒྱལ་གྱི་ཆི་བི་ཁ་འདེབས་པའི་ལོ་རྒྱུས་ནང་ས་བབ་མཐོ་ཚད་སྨི་2700ནི་ཆི་བི་ཁ་འདེབས་དཀའ་བའི་ཁུལ་ཞིག་ཡིན་ཞིང་། “ས་བབ་མཐོ་ཚད་སྨི་2700ཡན་དུ་ཆི་བི་ཁ་རང་བཞིན་དུ་འབྲས་བུ་འདོགས་ཚད་1%ཀྱང་ཟིན་གྱི་མེད”ཅེས་པ་ནི་འབྲས་ཤིང་རིགས་འདི་འཚོ་གནས་ཀྱི་ཆོས་ཉིད་ཉག་ཅིག་རེད།
ཡིན་ནའང་། ད་ལྟ་མི་འགའ་ཞིག་གིས་དཀའ་གནད་དེ་ལས་སྒྲོལ་བ་དང་འབྲེལ་ལེགས་གྲུབ་བྱུང་ཡོད་ཅིང་། ཁོང་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་གྲོང་མི་བསྟན་འཛིན་རེད།
དབྱར་གཞུང་ཟླ་7པའི་ནང་། ས་བབ་མཐོ་ཚད་སྨི་3800ཟིན་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་གི་འགྱིག་ཤོག་དྲོད་ཁང་ཆེ་མོ་3དང་མུའུ་150ཟིན་པའི་ཐོག་མེད་འདེབས་འཛུགས་རྟེན་གཞིའི་ནང་ཆི་བི་ཁ་སྐྱེ་འཚར་ཡག་པོ་བྱུང་ནས་འབྲས་བུ་བཏགས་ཡོད་པ་རེད། ཆར་པ་བབས་པ་དང་བསྟུན་ནས་ཡལ་གའི་སྟེང་གི་ཆི་བི་ཁ་ཆུང་ངུ་དེ་དག་མིག་ལམ་དུ་རབ་ཏུ་འཚེར་བ་ཞིག་ཡོད་པ་རེད།
བསྟན་འཛིན་གྱིས་ཉིན་གཉིས་རེའི་དུས་ཚོད་ནང་རྟེན་གཞིར་ཆི་བི་ཁ་སྐྱེ་འཚར་ལ་བལྟ་བར་ཡོང་ཞིང་། ཁོང་གིས“ངས་དུས་ཚོད་ལོ་དྲུག་སྤྱད་པས་གཞི་ནས་བོད་དུ་ཆི་བི་ཁ་འདེབས་རྒྱུ་ལེགས་གྲུབ་བྱུང་སོང”ཞེས་བཤད་བྱུང་།
བསྟན་འཛིན་དེ་སྔ་སྣེ་གདོང་ཆུས་ནགས་ལས་ཅུས་སུ་ལས་ཀ་བྱེད་མྱོང་བ་དང་། རྗེས་སུ་ལས་གནས་ལས་དགོངས་པ་ཞུས་ནས་སྐྱེད་ཚལ་ཀུང་སི་བཙུགས། ལོ་མང་རིང་རྩི་ཤིང་འདེབས་པའི་ལས་ལ་གཞོལ་བས་ཡུན་རིང་སློབ་སྦྱོང་དང་རྟོག་ཞིབ་བྱས་མཐར། ས་བབ་མཐོ་བ་ཕུད། ལྷོ་ཁར་འོད་འཕྲོ་ཤུགས་ཆེ་བ་དང་།
དྲོད་ཚད་ཧེ་བག་ཆེ་བ། གནམ་གཤིས་སྐམ་ཤས་ཆེ་བ། ས་ཞིང་བྱེ་འགྱུར་ཆེ་བ་བཅས་ཡོད་པས་ཆི་བི་ཁ་བཏབ་ན་ཧ་ཅང་འཚམ་པོ་ཡོད།
དེར་བརྟེན། 2011ལོར། བསྟན་འཛིན་གྱིས་ཆི་བི་ཁ་སྡོང་སོན་ཁག་དང་པོ་ནང་འདྲེན་བྱས་ནས་ལོ་དེའི་དཔྱིད་དུས་སུ་བཏབ། ལག་རྩལ་བྱང་ཆུབ་པོ་མ་བྱུང་བས་ཐེངས་དེའི་ཆི་བི་ཁ་བཏབ་པར་ཕན་འབྲས་ཐོན་མེད།
“ཧྲན་ཤིས་ཆི་བི་ཁའི་རྩ་སྡོང་ཐུང་དྲགས་ཏེ་ས་འོག་གི་ཆུ་འཐེན་ཐབས་མེད་པས། ལོ་གཉིས་རིང་སྡོང་སོན་ཚང་མ་ཤི་སོང”ཞེས་བསྟན་འཛིན་གྱིས་བཤད་པ་དང་། ཁོང་གིས་སྐྱེད་ཚལ་ཀུང་སི་བཙུགས་ནས་བྱུང་བའི་ཡོང་འབབ་སྒོར་ཁྲི་300ཚང་མ་ཧྲན་ཤིས་ཆི་བི་ཁ་འདེབས་རྒྱུར་སྤྱད་པ་རེད།
ཡིན་ནའང་། ཐོག་མའི་ཚོད་ལྟར་གྲུབ་འབྲས་མ་ཐོབ་ཀྱང་བསྟན་འཛིན་གྱི་སེམས་ཤུགས་ཆག་མེད་ཅིང་། དེ་ལས་ལྡོག་སྟེ་ཁོང་གི་ངར་ཤུགས་ཆེ་རུ་ཕྱིན། དུས་སྐབས་ཤིག་རིང་ལྟ་ཞིབ་ཉམས་ཞིབ་ཞིབ་ཕྲ་བྱས་པ་བརྒྱུད། ཁོང་ལ་ཤེས་རྟོགས་གསར་པ་བྱུང་ཞིང་། ཁོང་གིས“ངས་བྱེ་མའི་ཁྲོད་དུ་ཆི་བི་ཁ་བཏབ་ན་འཚམ་པོ་ཡོད་པ་ཤེས་བྱུང་། སྡོང་པོ་རིང་བ་དང་ཆུ་སིམ་ཤུགས་ཆེ་བ་ཡོད་མོད། འོན་ཀྱང་དེའི་འབྲས་བུ་ཆུང་བ་དང་། རོ་སྐྱུར་བ། སྤུས་ཚད་ཞན་པས་དཔལ་འབྱོར་རིན་གོང་མཐོ་པོ་རག་གི་མེད། གལ་ཏེ་དེ་ཧྲན་ཤིས་ཆི་བི་ཁ་དང་སྦྱར་ག་སྤྲད་ན་ཡག་པོ་ཡོང་སྲིད”ཅེས་བཤད་བྱུང་།
བསམ་ཚུལ་དེ་བྱུང་རྗེས་བསྟན་འཛིན་གྱིས་བོད་ལྗོངས་སློབ་ཆེན་གྱི་ཞིང་ལས་མཁས་དབང་གི་སར་བཀའ་འདྲི་ཞུ་བར་ཐེངས་མང་བཅར་བ་དང་དུས་མཚུངས་འབྲས་ཤིང་རིགས་གཅིག་མཁས་ཅན་བཙལ་ནས་ལག་རྩལ་གྱི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད། ལོ་དང་པོར་སྐྱུར་ཆིའི་སྡོང་སོན་སྐྱེད་སྲིང་བྱས་པ་དང་། ལོ་གཉིས་པའི་དཔྱིད་ཀར་ཡལ་ག་བཅད་པ། དེ་རྗེས་ཆི་བི་ཁ་རིགས་གཞན་དང་སྦྱར་ག་སྤྲད་པ་བཅས་སྐྱུར་ཆིའི་སྡོང་པོར་སྦྱར་ག་སྤྲོད་པའི་ལག་རྩལ་ཚོད་ལྟ་བྱས་པ་རེད།
མི་ལ་བརྩོན་འགྲུས་ཡོད་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར་ད་ཐེངས་སྦྱར་ག་སྤྲད་པའི་སྡོང་སོན་གསོན་པ་མ་ཟད། ད་དུང་ 2017ལོ་ནས་བཟུང་། འབྲས་བུ་ཡག་པོ་བཏགས་པ་རེད།
ཆི་བི་ཁ་སྐྱེས་འཚར་ཡག་པོ་བྱུང་བ་དང་བསྟུན་ནས་བསྟན་འཛིན་གྱིས་རང་ཉིད་ཀྱི་ཐོན་རྫས་ལ་ཡིད་ཆེས་ཀྱིས་ཁེངས།
བསྟན་འཛིན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྣེ་གདོང་བ་ཞིག་རེད། ཁོང་གིས་རང་ཉིད་ཀྱི་ཆི་བི་ཁའི་རྣམ་གྲངས་དེ་བོད་ལྗོངས་སྤྱི་དང་རང་ཕ་ཡུལ་གྱི་ཡུན་མི་སྤུན་ཟླ་ཚོར་ཕུལ་བའི་ལེགས་སྐྱེས་ཤིག་ཏུ་བརྩི་ཡི་ཡོད།
དེའི་ཆེད་དུ་ཁོང་གིས“ཆི་བི་ཁ་གཅིག”ཅེས་པའི་ཚོང་རྟགས་ཐོ་འགོད་བྱས་པ་དང་འབྲེལ་འདེབས་འཛུགས་ལག་རྩལ་རིན་མི་དགོས་པར་སྣེ་གདོང་ཆུས་ཀྱི་ཞིང་པ་ཚོར་ཁྱབ་གདལ་གཏོང་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་དྲ་སྦྲེལ་དང་དྲ་འོག་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སྤྱད་དེ་ཆི་བི་ཁའི་ཕྱིར་ཚོང་ཐབས་ལམ་བཏོད་དེ་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་རྒྱུ་ཡིན་པ་རེད།