དབུ་ཤོག>ཞིང་འབྲོག་གསར་པ།
  • ཕྱུག་འགྱུར་སྣེ་ཁྲིད་པ་དཀོན་མཆོག་དོན་གྲུབ་ཀྱི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-10

    མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་རྫོང་ཞོལ་གྲོང་ཚོར་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡོད་དེ། ཁོང་གི་མིང་ལ་དཀོན་མཆོག་དོན་གྲུབ་ཟེར། ཁོང་ཉིན་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལས་ལ་བརྩོན་མཁན་ཞིག་ཡིན་ཞིང་། ཁོང་གིས་བསམ་བློ་གཏོང་མང་ཤོས་ནི་ཇི་ལྟར་བྱས་ནས་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་དེ་རེད། 

    ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོའི་རང་བརྟེན་གྱི་འཕེལ་རྒྱས་ནུས་པ་རིམ་བཞིན་ཆེ་རུ་བཏང་བ་དང་། མང་ཚོགས་སྔར་བས་མང་པོ་སོ་སོའི་སྒོ་རྩ་ནས་ལས་ཞུགས་ཐུབ་པར་བྱས་ཏེ་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་ཏེ“ཐོན་ལས་གཅིག་འཕེལ་རྒྱས་བཏང་ནས་ཡུལ་ཕྱོགས་གཅིག་གི་དཔལ་འབྱོར་ལ་སྐུལ་ཁྲིད་ཀྱིས་ཡུལ་དེའི་མི་སེར་ཕྱུག་འགྱུར་ཐུབ་པར”བྱས་པ་རེད། 

    འཇིག་རྟེན་གྱི་གཏམ་དཔེར“སྡོང་རྐང་གཅིག་ལ་ནགས་མི་ཟེར”ཞེས་པ་ལྟར་དུད་ཚང་གཅིག་ཕྱུག་པོ་ཆགས་ན་ཕྱུག་འགྱུར་ག་ལ་ཡིན། དཀོན་མཆོག་དོན་གྲུབ་ཏང་ཡོན་ཞིག་ཡིན་པའི་ངོས་ནས། གྲོང་གསེབ་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ལས་དོན་ནང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གྱིས་མང་ཚོགས་ཚོའི་སྣེ་ཁྲིད་དེ་ཞིང་འབྲོག་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། 

    ནས་ནག་ཚོད་འདེབས་བྱས་ནས་ལམ་ལྷོངས་བྱུང་བའི་རྨང་གཞིའི་ཐོག་ཚང་མའི་སྣེ་ཁྲིད་དེ་ནས་ནག་མུའུ་350བཏབ་ཅིང་། ལས་སྣོན་དང་ཐོན་སྐྱེད་བྱས་པའི་རྩམ་པར་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་སྟེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་16གི་མི་41ལ་སྐུལ་ཁྲིད་ཐུབ་ཅིང་། ལོ་རེར་དུད་ཚང་རེར་ཁེ་སྤོགས་སྒོར་2000བྱུང་རེ་ཡོད་པ་རེད། 

    ནས་ནག་རྣམ་གྲངས་ཕུད། མཉམ་ལས་ཁང་དེས་ད་དུང་ཉི་མ་ལྕང་ར་ཤང་དང་། རྩ་ཞོལ་ཤང་། རྨམ་པ་ཤང་བཅས་ཀྱི་རི་ལྡེབས་སུ་སྐྱེས་པའི་རྩྭ་དྲི་ཞིམ་སྤྱད་དེ་སྤོས་ལས་སྣོན་བཟོ་གྲྭ་བཙུགས་པ་རེད། ལྷ་སའི་མཐའ་འཁོར་གྱི་མང་ཚོགས་ཀྱི་བཟའ་བཏུང་གོམས་གཤིས་དང་ཟུང་འབྲེལ་བྱས་ནས་སྤོས་དང་སུར་པན་བཟོས་ཏེ། རྒྱ་ཆེའི་གྲོང་མི་མང་ཚོགས་ལ་བདེ་ཐང་དང་། ལྷད་མེད། བདེ་འཇགས་བཅས་ཀྱི་སྤོས་མཁོ་འདོན་བྱས་པ་དང་ཆབས་ཅིག གྲོང་ཚོའི་ནང་གི་ངལ་ནུས་ལྷག་མ་དང་དུད་ཚང་དབུལ་པོ་ལས་ཞུགས་ཐུབ་པར་བྱས་ཤིང་། ད་ཆ་མང་ཚོགས་དབུལ་པོ་5མཉམ་ལས་ཁང་དུ་ལས་ཞུགས་ཐུབ་ཡོད་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་དེས་ཉེ་བའི་ལོ་གཉིས་རིང་། ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་130ཟིན་པ་དང་། དེ་གར་ལས་ཞུགས་བྱས་པའི་ས་གནས་དེ་གའི་ཞིང་འབྲོག་པ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།