དབུ་ཤོག>ཞིང་འབྲོག་གསར་པ།
  • དྲོད་ཁང་ཆེ་མོ་གཉེར། དབུལ་སྒྲོལ་ལམ་དུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-01

    སྣང་རྫོང་སྣང་པ་གྲོང་ལྷན་གྱི་དྲོད་ཁང་ཆེ་མོའི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་སྐྱོད་དུས། དྲོད་ཁང་ཆེ་མོ་རེ་རེ་བཞིན་གྲལ་སྟར་འགྲིག་པོ་ཡོད་པ་དང་། དྲོད་ཁང་ཆེ་མོའི་ནང་བཏབ་པའི་པད་ཚལ་དང་ཨོ་སུན་སོགས་སྔོ་ཚལ་སྔོ་ཐིང་ཐིང་དུ་སྐྱེས་ནས་མི་ལ་སྤྲོ་བ་སྦྱིན་འོང་།

    དེ་ནི་སྣང་པ་གྲོང་ལྷན་གྱིས་དབུལ་སྐྱོར་གྱི་ཐབས་ལམ་བསྐྲུན་ནས་དབུལ་སྒྲོལ་ལམ་དུ་བསྐྱོད་པ་ཞིག་རེད།

    “འདས་ཟིན་པའི་ལོ་གཅིག་རིང་དྲོད་ཁང་ཆེ་མོར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་12.5བྱུང་བ་དང་ཞིང་འབྲོག་མང་ཚོགས་དུད་ཚང་50རེ་རེར་འབབ་འཕར་སྒོར་2500བྱུང་ཡོད་ལ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་9ལ་དབུལ་སྒྲོལ་ཐུབ་རོགས་བྱས་ཡོད”ཅེས་སྣང་པ་གྲོང་ལྷན་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་འཆི་ཕུར་གྱིས་བཤད།

    སྣང་པ་གྲོང་ལྷན་ནི་སྣང་རྫོང་གྲོང་གནས་ཡུལ་དུ་ཆགས་པ་དང་། གྲོང་ཚོ་ཡོངས་ལ་དུད་ཚང་67དང་མི་178ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་13དང་མི་33ཡོད་པ་རེད། རྨོ་ཞིང་རྒྱ་ཁྱོན་ཆུང་བ་དང་རྩྭ་རའི་ཐོན་ཁུངས་དཀོན་པས་འདེབས་འཛུགས་དང་གསོ་ཚགས་ལ་བརྟེན་ནས་འབབ་འཕར་དབུལ་སྒྲོལ་ཡོང་བ་བྱེད་པ་ནི་ཧ་ཅང་དཀའ་བའི་གནས་སུ་གྱར།

    རྫོང་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག གྲོང་ལྷན་ཚན་ཁག་གིས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཤིང་། བསམ་བློ་གཏིང་ཟབ་བཏང་སྟེ་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་བྱེད་རིང་ཐབས་འདོན་ཇུས་འགོད་བྱས་པ་དང་། རྫོང་གྲོང་དུ་ཤིང་ཏོག་དང་སྔོ་ཚལ་དགོས་མཁོ་ཆེ་བ་དང་སྐྱེལ་འདྲེན་གྱི་མ་གནས་མཐོ་བའི་དོན་དངོས་ལ་དམིགས་ནས། ཐོན་ལས་འཕེལ་རྒྱས་བཏང་སྟེ་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་པའི་ཐབས་ལམ་ཞིག་བཙལ་ཡོད་པ་རེད།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་ཅི་ཡང་མེད། རྫོང་དང་གྲོང་རྡལ་རིམ་གཉིས་དབུལ་སྐྱོར་སྡེ་ཚན་གྱི་རྒྱབ་སྐྱོར་དང་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག གྲོང་ལྷན་ཚན་ཁག་གིས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་160བརྩོན་ལེན་ཧུར་ཐག་བྱས་ནས་དྲོད་ཁང་ཆེ་མོ་25བསྐྲུན་པ་དང་ཆབས་ཅིག སྣང་པ་གྲོང་ལྷན་གྱི་སྔོ་ཚལ་ཆེད་ལས་འདེབས་འཛུགས་མཉམ་ལས་ཁང་བཙུགས་པ་དང་།“མཉམ་ལས་ཁང་དང་། ཞིང་དུད། ཐོན་ལས”བཅས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ་དྲོད་ཁང་ཆེ་མོ་ཚང་མ་བསྡུ་སྒྲིལ་བྱས་རྗེས་གྲོང་ལྷན་གྱིས་གཅིག་གྱུར་དོ་དམ་དང་བགོ་བཤའ་རྒྱག་པ་དང་། དྲོད་ཁང་གཅིག་དུད་ཚང་གཉིས་ཀྱི་མང་ཚོགས་ཀྱིས་མཉམ་དུ་འགན་གཙང་བླངས་པ་རེད། དེའི་རིང་བོགས་དངུལ་གང་ཡང་མི་བསྡུ་བ་དང་ཡོང་འབབ་ཚང་མ་ཞིང་དུད་ལ་སྤྲད་པ་རེད།

    དྲོད་ཁང་ཆེ་མོ་བསྐྲུན་རྗེས་མང་ཚོགས་ལ་ལག་རྩལ་དང་ཉམས་མྱོང་མི་འདང་བའི་གནད་དོན་ལ་དམིགས་ནས། གྲོང་ལྷན་གྱིས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ནས་སྐུལ་སློང་ཚོགས་ཆེན་འཚོགས་པ་དང་། ཚང་མར་རང་སྟོབས་རང་སྤེལ་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག་ལག་རྩལ་མི་སྣ་གདན་དྲངས་ནས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ཏེ་མང་ཚོགས་ལ་རིན་པ་མེད་པར་ལག་རྩལ་བསླབས་པས། རྒྱ་ཆེའི་མང་ཚོགས་ཀྱི་སྔོ་ཚལ་འདེབས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    ཕྱིར་ཚོང་གི་གྲངས་ཚད་མང་དུ་བཏང་ནས་སྤུས་རྟགས་གཏོད་ཆེད། གྲོང་ལྷན་གྱིས་ད་དུང་སྣང་པ་གྲོང་ལྷན་གྱི་སྔོ་ཚལ་ཕྱིར་ཚོང་གི་སྐད་འཕྲིན་སྤྱི་རྟགས་བཙུགས་ཏེ་ཞིང་དུད་ལ་ཟ་ཁང་དང་། སློབ་གྲྭ། གྲོང་སྡོད་ལས་དོན་རུ་ཁག་སོགས་ཚོང་ལམ་གཙོ་བོར་འབྲེལ་བ་བྱེད་རོགས་ཧུར་ཐག་བྱས་པ་མ་ཟད། ཆེད་མི་གླས་ནས་དུས་བཀག་ཐོག་སྔོ་ཚལ་དང་ཤིང་ཏོག་ཐོན་རྫས་དབོར་གྱི་ཡོད་པས། ཞིང་དུད་ཀྱི་ཕྱིར་ཚོང་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་དང་། གཞན་སྐུལ་ཕྱིར་ཚོང་དེ་རང་འགུལ་ངང་མཁོ་སྤྲོད་ལ་བསྒྱུར་ཅིང་“ཁྲོམ་རའི་ཕྱིར་ཚོང”དེ་དྲ་སྦྲེལ་གྱི“མྱུར་བགྲོད་ལམ་བུའི”ཐོག་སྐྱོད་ཐུབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན་སྣང་པ་གྲོང་ལྷན་གྱིས་ཐོན་ལས་འཕེལ་རྒྱས་ཁྲོད་དུད་ཚང་དབུལ་པོ་དང་དབུལ་པོའི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་སྟེ“གཞན་བརྟེན”ནས“རང་བརྟེན”ལ་འགྱུར་བ་དང་། རྫོང་གྲོང་གི་ཐོན་ཁུངས་ཀྱི་ལེགས་ཆ་དང་དེ་བཞིན་ཁྲོམ་རའི་དགོས་མཁོར་བརྟེན་ནས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཚད་བརྒལ་བྱ་གཞིར་བྱེད་པ་དང་། མང་ཚོགས་ཀྱི་རང་སྟོབས་རང་སྤེལ་བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བཅས་རྒྱ་ཁྱབ་བྱས་ཏེ། དྲོད་ཁང་ཆེ་མོ་གཉེར་ནས་དབུལ་སྐྱོར་དང་ཡོང་འབབ་བསགས་ནས་དབུལ་སྒྲོལ་ལམ་དུ་བསྐྱོད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི“བདེ་སྐྱིད་ལམ་བུའི”ཐོག་བསྐྱོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།