དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་སའི་ཆུ་ཤུར་རྫོང་རྟ་དཀར་ཤང་གི་ཞོག་ཁོག་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-07-29

    ལྷ་ས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཆུ་ཤུར་རྫོང་རྟ་དཀར་ཤང་གི་ཞོག་ཁོག་ལ་ཉི་འོད་ཕོག་རིང་བ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བར་བརྟེན་ཕིང་ཁུ་འདུས་ཚད་མཐོ་བས་ཁ་ལ་ཟ་སྐབས་བྲོ་བ་ཞིམ་པས་ཆུ་ཤུར་རྫོང་གི་ས་མཐོའི་མཚོན་རྟགས་རང་བཞིན་གྱི་སྐྱེ་དངོས་དང་ཁྱད་ལྡན་ལྗང་མདོག་གི་བདེ་ཐང་བཟའ་བཅར་གྱུར་ཡོད། འདི་ལོའི་ཟླ་བ་དང་པོར་བོད་ལྗོངས་ཞིང་ལས་རྨང་གཞི་དང་སྤུས་ལེགས་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་དང་མཉམ་ལས་ཁང་དབར་ཞོག་ཁོག་སྤྱི་རྒྱ་ཁྲི་300ཉོ་སྒྲུབ་དང་ཕྱིར་ཚོང་གི་གན་རྒྱ་བཞག་ཡོད། རྟ་དཀར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མིག་དམར་གྱིས“འདི་ནི་ང་ཚོའི་ཤང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་ཆེན་ཞིག་རེད། གན་རྒྱ་བཞག་པ་དེས་རྟ་དཀར་ཤང་གི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་པས། འདི་ནི་ཤང་ཡོངས་ཀྱི་མི་དམངས་ཀྱིས་ཡུན་རིང་རེ་སྒུག་བྱེད་པའི་བཀྲ་ཤིས་བྱ་བ་ཞིག་ཡིན”ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཤུར་རྫོང་རྟ་དཀར་ཤང་ལ་ཁྱོན་རྨོ་ཞིང་མུའུ་ཁྲི་1.5ཡོད་ཅིང་། ཆུ་ཤུར་རྫོང་རྟ་དཀར་ཤང་གི་ཞོག་ཁོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་སྣེ་ཁྲིད་འོག་རྨོ་ཞིང་མང་ཆེ་བར་ཞོག་ཁོག་བཏབ་ཡོད། མཉམ་ལས་ཁང་གིས་སྣེ་ཁྲིད་དེ་ཞོག་སོན་ཉོ་སྒྲུབ་དང་། གཅིག་གྱུར་ཐོག་འདེབས་པ། གཅིག་གྱུར་ཐོག་དོ་དམ། གཅིག་གྱུར་ཐོག་ཉོ་སྒྲུབ། གཅིག་གྱུར་ཐོག་བྲིན་ཚོང་བཅས་བྱས་པར་བརྟེན་ཞིང་པ་དང་ཁྲོམ་རའི་དབར་གྱི་འབྲེལ་ཐག་ལ་གྱུར་ཁར་ཐོན་སྐྱེད་ཀྱི་མ་གནས་དམའ་རུ་གཏོང་ཐུབ་པ་བྱུང་བ་དང“བྲིན་དཀའ་བའི”གནད་དོན་ཐག་གཅོད་བྱུང་བ་མ་ཟད། སྤུས་རྟགས་ཀྱི་ལེགས་ཆར་རིམ་གྱིས་གྱུར་ནས་ཁྲོམ་རའི་འགྲན་རྩོད་ནུས་པའང་ཆེ་རུ་ཕྱིན་ཡོད། ད་ཕན་ལོ་ཤས་རིང་མཉམ་ལས་ཁང་དེས་གཞིས་རྩེའི“ཨེ་མ་སྒང”གི་སྤུས་ལེགས་ཞོག་སོན་སྤྱི་རྒྱ་ཁྲི་200ནང་འདྲེན་བྱས་ཏེ་མུའུ་རེར་སྤྱི་རྒྱ་200ཡི་ཚད་གཞི་ལྟར་འདེབས་འཛུགས་བྱས་པས་མཉམ་ལས་ཁང་གི་ཞོག་ཁོག་རྒྱ་མ་ཏུན་ཁྲི་3.25བྲིན་ཐུབ་པ་བྱུང་ཡོད།

    རྟ་དཀར་ཤང་བྱེ་ནུབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་གྱིས་རྩིས་ཞིག་བརྒྱབ་ནས་ང་ཚོར“2017ལོར་ང་ཚོ་བྱེ་ནུབ་གྲོང་ཚོས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་བརྟེན་པས་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་12300ཟིན་པ་དེའི་ནང་གྲོང་མིས་བཏབ་པའི་ཞོག་ཁོག་སྒྱེ་མོ་རེར་སྒོར་75ཡི་རིན་གོང་ཐོག་ནས་རྟ་དཀར་ཞོག་ཁོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ལ་བཙོངས་པར་བརྟེན་ཞོག་ཁོག་མ་བྲིན་པའི་སེམས་ཁྲལ་སེལ་བ་དང་ཆབས་ཅིག་གྲོང་མིའི་དངུལ་སྨར་ཡོང་འབབ་འཕར་ཡོད། འདི་ལོ་ང་ཚོས་ས་རྒོད་བསློགས་པའི་ས་ཞིང་མུའུ་3000ལྷག་ཙམ་ལ་ཨ་ཞོམ་དང་ཞོག་ཁོག་བཏབ་ཡོད། མངགས་མཁན་མང་པོ་ཡོད་ཙང་། གྲོང་མིའི་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུའི་སེམས་ཤུགས་ཆེ་རུ་ཕྱིན་འདུག” ད་ཕན་ལོ་ཤས་རིང་། ཆུ་ཤུར་རྫོང་གིས་སྐྱེ་ལྡན་ཐོན་ཟོག་བཏོད་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སྐྱེ་ལྡན་འདེབས་འཛུགས་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། “ང་ཚོས་སྐྱེ་ལྡན་ཐོན་རྫས་ཀྱི་སྤུས་རྟགས་ལ་དམིགས་ནས་ཆུ་ཤུར་གྱི་སྐྱེ་ལྡན་ཞིང་ལས་རྫོང་དང་འོས་དཔང་ཐོབ་པའི་སྐྱེ་ལྡན་ཐོན་ཟོག་བདུན་ལ་བརྟེན་ནས་འོས་དཔང་ཐོན་ཟོག་བརྒྱད་བར་མང་དུ་གཏོང་རྒྱུ་དང་སྤུས་རྟགས་སྐྱེ་སྲིང་དང་སྤུས་རྟགས་གཏོད་རྒྱུའི་ཕུགས་ཀྱི་དམིགས་ཚད་ལ་བརྟེན་ནས་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ཟོག་དེ་དཔལ་འབྱོར་ཕན་འབྲས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་དབུལ་སྐྱོར་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་བོད་ལྗོངས་ཞིང་ལས་རྨང་གཞི་དང་སྤུས་ལེགས་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།