བོད་བྱང་ཐང་གི་ཨ་མདོའི་རྒྱན་གོས་ནི་བོད་རིགས་རྒྱན་གོས་ཁྲོད་ཀྱི་སྣ་གཅིག་ཡིན་པ་དེས་བོད་རིགས་ཀྱི་རྒྱན་གོས་རིག་གནས་མཚོན་པ་མ་ཟད། བོད་རིགས་འབྲོག་ལས་ཤེས་དཔལ་གྱི་བཀྲག་མདངས་འཚེར་ས་ཞིག་ཀྱང་རེད།
འདི་ལོ་ལོ་52ལ་སླེབས་པའི་ཁག་ལྔ་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གཡང་ལགས་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ནས་ཡིན་ཞིང་། ཁོང་གིས་ནག་ཆུ་གྲོང་ཁྱེར་ཨ་མདོར་དར་ཁྱབ་ཆེ་བའི་འཚེམ་བཟོ་ལག་རྩལ་རྒྱུན་འཛིན་བྱས་ནས་ལོ་མང་སོང་ཡོད།
ཕ་མེས་ཀྱིས་བཞག་པའི་ལག་རྩལ་རྒྱུན་འཛིན་བྱས་།
གཡང་ལགས་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་གྱི་གྲོང་ཚོ་གསུམ་པ་ནས་ཡིན་ཞིང་། ལོ་བཅུ་གཉིས་ནས་བཟུང་ཁོང་དང་གཅེན་གཅུང་ཚོས་ཕ་དབང་ཕྱུག་གི་ས་ནས་ཨ་མདོར་དར་ཁྱབ་ཆེ་བའི་ལྤགས་ཚགས་ཕྱུ་པ་དང་། ཝ་ཞྭ། བོད་ལྷམ་བཅས་ཀྱི་བཟོ་སྟངས་སྦྱངས་པ་མ་ཟད། ཨ་མའི་ས་ནས་འབྲོག་མོ་ཚོས་ཚེ་འདིར་སྦྱངས་དགོས་པའི་འབྲོག་ལས་ཀྱི་ལག་རྩལ་སྦྱངས་ཡོད།
ལོ་23ལ་སླེབས་སྐབས་གཡང་ལགས་ཀྱི་ཕ་གློ་བུར་དུ་གྲོངས་པས། ཁོང་ལ་སེམས་སྡུག་ཆེན་པོ་བྱུང་། ལོ་དེར་ཁོང་ལག་རྩལ་ཐོན་ནས་ལོ་ལྔ་ཙམ་འགྲོ་གི་ཡོད་ལ་ཕའི་ཁ་ཆེམས་ཀྱང་བློ་ལ་བརྟན་པོར་ངེས་ཡོད།
འབྲོག་ལས་བྱེད་ཞོར་དུ་ཚེ་གང་ཁྱིམ་མཚེས་དང་གྲོགས་པོར་བོད་ཆས་འཚེམ་རོགས་བྱེད་མཁན་ལོ་61ལ་སླེབས་པའི་ཕ་དབང་ཕྱུག་མ་གྲོངས་གོང་གི་ལོ་རབས་དེའི་ནང་ཁོང་གི་སྙིང་གི་ཚི་ལུ་ལྟ་བུའི་བུ་མོ་གཡང་ལགས་འཁྲིས་སུ་འབོད་ནས། “རང་གིས་ལག་ཤེས་ལ་བརྟེན་ནས་མི་ཚང་མར་རོགས་པ་གང་ཐུབ་བྱེད་དགོས། ཁྱིམ་ཚང་ཡག་སྡུག་དང་དབུལ་ཕྱུག་གང་ཡིན་ལ་མ་བལྟོས་པར་རོགས་པ་བྱེད་དགོས། ཕྱུ་པ་འཚེམ་རོགས་ཟེར་མཁན་འདུག་ན་ཁོང་ཚོར་རོགས་པ་བྱེད་ཀྱང་བྱེད་པ་ལས་གླ་ཆ་ལེན་མི་རུང”ཞེས་མངགས་བྱ་ཡང་ཡང་བྱས།
ཕ་དབང་ཕྱུག་གིས་བུ་མོར“འདི་ནི་ང་ཚོ་འབྲོག་པའི་གཤིས་རྒྱུད་རེད། གལ་ཏེ་གོ་སྐབས་བྱུང་ན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། ནང་མིར་བསླབ་དགོས་ལ། ལག་རྩལ་སྦྱོང་འདོད་ཡོད་མཁན་ཚོར་ཡང་སྦ་གསང་མེད་པར་བསླབ་དགོས”ཞེས་བཤད།
ད་བར་ལོ་སུམ་ཅུ་ལྷག་ཙམ་ནང་གཡང་ལགས་ཀྱིས་མི་མང་པོར་ཕྱུ་པ་འཚེམ་རོགས་ཇི་ཙམ་བྱེད་མྱོང་བ་བགྲང་བར་དཀའ་ལ། ཁོང་གིས་ཕ་དམ་པའི་ཁ་ཆེམས་ལྟར་གཞན་གྱི་ས་ནས་འཚེམ་གླ་སྐར་མ་གཅིག་ཀྱང་ལེན་མྱོང་མེད།
ལག་ཤེས་ལ་བརྟེན་ནས་མི་ཚེའི་བདེ་སྐྱིད་བསྐྲུན་།
གཡང་ལགས་ཀྱི་ངོས་ནས་བརྗོད་ན། གནོང་འགྱོད་ཆེ་ཤོས་ནི་སློབ་གྲྭར་འགྲོ་མྱོང་མེད་པ་དེ་རེད། ཁོང་གིས“ང་སློབ་གྲྭར་འགྲོ་མྱོང་མེད་པས། རྒྱ་སྐད་མི་ཤེས་པ་མ་ཟད། བོད་ཀྱི་ས་ཆ་གཞན་གྱི་ཡུལ་སྐད་དེ་བས་ཤེས་ཀྱི་མེད། འོན་ཀྱང་རང་ཉིད་ལ་རོགས་པ་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་མུ་མཐུད་འབད་བརྩོན་བྱས་ཏེ་ཡུལ་མི་ཚོར་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།
ལོ་ལྟར་བོད་ཀྱི་ལོ་གསར་དང་ཨ་མདོའི་རྟ་རྒྱུག་དུས་ཆེན་སྐབས་གྲོང་པ་ཁྱིམ་མཚེས་ཚོས་ཕྱུ་པ་བཟོ་བའི་རས་ཆ་འཁྱེར་ནས་གཡང་ལགས་ཀྱི་སར་ཡོང་མཁན་མང་པོ་ཡོད། ངོ་ཤེས་དང་ངོ་མི་ཤེས་པར་མ་བལྟོས་པར་ཁོང་ཚོའི་འདོད་པ་སྐོང་ཐབས་བྱེད་ཀྱི་ཡོད།
“སྐབས་འགར་ཡུལ་མི་ཚོས་བསྐྱལ་བའི་རྒྱན་གོས་འཚེམ་ཆེད། ནང་ལས་བཞག་ནས་ཉིན་མཚན་མེད་པར་འཚེམ་གྱི་ཡོད་པས། མིག་དམར་པོ་ཆགས་པ་མ་ཟད་ལུས་པོའང་འགུལ་མི་ཐུབ་པར་འགྱུར་གྱི་འདུག སྟབས་ལེགས་པ་ཞིག་ལ། བཟའ་ཟླ་སྐལ་བཟང་ཚེ་རིང་གིས་རོགས་པ་མ་བྱས་ཚེ། འཚེམ་ཐུབ་ས་མ་རེད”ཅེས་བཤད་བྱུང་།
གཡང་ལགས་ཀྱིས་ཕའི་ལག་རྩལ་རྒྱུན་འཛིན་བྱས་ནས་ད་བར་ལོ་བཅུ་གྲངས་ཁ་ཤས་ཕྱིན་ལ། ཕྱུ་པ་བཙེམས་ནས་ལོ་30ཙམ་འགྲོ་གི་ཡོད། ད་ཆ་ཁོང་གིས་བཙེམས་པའི་ཕྱུ་པར་ཨ་མདོ་བ་མང་པོ་ཞིག་གིས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། ཨ་མདོ་ཙམ་མ་ཟད་ད་དུང་ནག་ཆུའི་ས་ཕྱོགས་གང་སར་སྐད་གྲགས་ཆོད་ཡོད།
ལག་ཤེས་རྒྱུན་འཛིན་གྱི་སེམས་ཤུགས་ཆེ་བ་།
ལོ་22ལ་སླེབས་པའི་གཡང་ལགས་ཀྱི་བུ་མོ་པད་སྐྱིད་མཚོ་མོས་ཀྱང་ཨ་མའི་ས་ནས་ཕྱུ་པ་འཚེམ་སྟངས་སྦྱངས་ཡོད།
རང་ཉིད་སློབ་གྲྭར་འགྲོ་མྱོང་མེད་པའི་གནོང་འགྱོད་དེ་ཕྲུ་གུ་ཚོའི་ལུས་ཐོག་ཏུ་མི་ཡོང་བའི་ཆེད། ཕྲུ་གུ་གཉིས་ཨུ་ཚུགས་ཀྱིས་སློབ་གྲྭར་བཏང་། ན་ནིང་བུ་མོ་པད་སྐྱིད་མཚོ་མོ་ཁྲེང་ཏུའུ་ཚན་རྩལ་སློབ་ཆེན་ཐོན་ནས་གཞུང་ཞབས་པའི་ཡིག་རྒྱུགས་ཐེངས་གཉིས་བཏང་ཡང་མ་ལོན་པར་བརྟེན། གཡང་ལགས་ཀྱིས་བུ་མོར“ཡང་མིན་ན་བུ་མོ་རང་གིས་འཚེམ་ལས་བྱས་ན་གང་འདྲ་འདུག”ཅེས་སྐད་ཆ་དྲིས།
གཡང་ལགས་ཀྱི་བསམ་ཡུལ་ལས་འདས་པར་བུ་མོས་མི་འདོད་པའི་རྣམ་འགྱུར་བསྟན་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཁོང་ལ་འཐམ་ནས་དགའ་ཚོར་ཆེན་པོས“ཨ་མ་ཁྱེད་རང་དེ་འདྲའི་སེམས་བཟང་བ་ལགས། ང་སྔ་ས་ནས་འཚེམ་ལས་བྱེད་འདོད་ཆེན་པོ་བྱུང་། ཡིན་ནའི་བཀའ་སྐྱོན་གནང་གི་རེད་སྙམ་ནས། ཤོད་ཕོད་མ་བྱུང”ཞེས་བཤད།
དེ་ལྟར་བུ་མོ་པད་སྐྱིད་མཚོ་མོས་ཨ་མར་ཁས་ལེན་བྱས་པ་དང་སེམས་ནང་དམ་བཅའ་བརྟན་པོ་བཞག་སྟེ“ངས་ཨ་མ་རང་གི་ས་ནས་རྨོ་བོ་ལགས་དང་སྤོ་བོ་ལགས་ཀྱིས་བཞག་པའི་ལག་རྩལ་སྦྱོང་གི་ཡིན་ལ་རྒྱུན་འཛིན་ཡང་བྱ་རྒྱུ་ཡིན”ཞེས་བཤད།
གནམ་འོག་ཕ་མའི་སེམས་ལ་བསམ་རྒྱུ་བུ་ཕྲུག་ལས་མེད། སྐབས་འགར་ང་རང་ཡང་ཅི་བྱ་གཏོལ་བྲལ་དུ་གྱུར་མོད། འོན་ཀྱང་ཕྲུ་གུ་ཚོས་ལག་རྩལ་དེ་སྦྱངས་ནས་རྒྱུན་འཛིན་བྱེད་རོགས་བྱས་ན་སྙམ་གྱི་འདུག་ཅེས་གཡང་ལགས་ཀྱིས་དེ་ལྟར་བརྗོད། ལོ་30རིང་གཡང་ལགས་ཀྱིས་སྤུན་མཆེད་ཀྱི་ཕྲུ་གུར་ཡང་འཚེམ་བཟོའི་ལག་རྩལ་བསླབས་ཡོད།
གཡང་ལགས་ཀྱིས་ཀུ་རེ་དང་བཅས“གཅུང་པོ་དབང་ཆེན་ལག་ཤེས་ཡག་པོ་ཡོད་ཀྱང་གླ་ཆ་ལེན་གྱི་ཡོད། ཁོང་ཚོ་ད་ཆ་རྫོང་གྲོང་དུ་སྡོད་ཀྱི་ཡོད། གཅུང་པོར་ཕས་ཁ་ཆེམས་བཞག་མྱོང་མེད་པས། ལག་ཤེས་ལ་བརྟེན་ནས་འཚོ་བ་སྐྱེལ་རྒྱུ་ནི་ཤོད་མི་དགོས་པ་ཞིག་རེད”ཅེས་བརྗོད་བྱུང་།
2018ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་འཚོག་རིང་སྲིད་གྲོས་ཀྱི་ཨུ་ཡོན་མིང་ཐོག་ནས་ཚོགས་འདུར་ཞུགས་རྒྱུ་བྱུང་བའི་གཡང་ལགས་དགའ་བ་འབུམ་གྱིས་མྱོས། སྐབས་དེ་དུས་གྲ་སྒྲིག་ཆ་ཚང་པོ་ཞིག་མ་བྱུང་བར་བརྟེན། གྲོས་གཞི་གང་ཡང་འདོན་རྒྱུ་མ་བྱུང་བས་གནོང་འགྱོད་ཆེན་པོ་བྱུང་ཡོད། ཁོང་གིས་གསར་འགོད་པར་ང་རང་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ལ་གྱུར་རྗེས། ཕ་མེས་ཚོས་བཞག་པའི་ལག་རྩལ་དེ་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང་ཞེས་བརྗོད་བྱུང་།
མི་རྣམས་དགའ་འོས་པ་ཞིག་ལ། 2017ལོའི་ལོ་མཇུག་ཏུ་གཡང་ལགས་ཨ་མདོའི་རྒྱན་གོས་རྒྱུན་འཛིན་པར་གྱུར་པ་མ་ཟད། ཀྲུང་གོའི་ཁག་ལྔ་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་མིང་གཞུང་ནང་ཚུད་ཡོད་པ་རེད།
གཡང་ལགས་ཀྱིས་བཙེམས་པའི་འབྲོག་མོའི་ལྤགས་ཚགས།
གཡང་ལགས་ཀྱིས་བཙེམས་པའི་ཨ་མདོའི་བུ་མོའི་ཞྭ་མོ།
གཡང་ལགས་ཀྱིས་བཙེམས་པའི་རྩམ་ཁུག་དང་ལྷམ།
གཡང་ལགས་ཀྱིས་བཙེམས་པའི་བོད་ལྷམ།
གཡང་ལགས་འཚེམ་བུ་རྒྱག་བཞིན་ཡོད་པ།
གཡང་ལགས་ཀྱིས་བཙེམས་པའི་ཨ་མདོའི་བུ་མོའི་ཕྱུ་པ།
གཡང་ལགས་ཀྱིས་བཙེམས་པའི་ཨ་མདོའི་ཚར་ཞྭ།