དབུ་ཤོག>ཞིང་འབྲོག་གསར་པ།
  • གངས་རིན་པོ་ཆེའི་གཤམ་གྱི་འབྲོག་པའི་ཕྱུག་འགྱུར་ལམ་བུ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-07-17

    “ང་ཚོའི་ཁྱིམ་ལ་མི་ལྔ་ཡོད་པ་དང་ལོ་20ལྷག་ཙམ་ལ་སླེབས་པའི་བུ་གཉིས་དང་ང་རང་གིས་ཁྱིམ་གྱི་རྟ་6ཁྲིད་ནས་ཡུལ་སྐོར་བའི་རི་སྐོར་ལ་ཞབས་འདེགས་ཞུ་བཞིན་ཡོད། ན་ནིང་ང་ཚོའི་ཁྱིམ་ལ་དེ་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་4ཙམ་བྱུང”ཞེས་ལོ་50ལྷག་ཙམ་ལ་སླེབས་པའི་ཟླ་བ་ནོར་བུས་བརྗོད་པ་དང་། མངའ་རིས་སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོའི་འབྲོག་པས་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད་པ་རེད།

    གངས་ས་གྲོང་ཚོ་ནི་ས་བབ་མཐོ་ཚད་སྨི་6656ཡོད་པའི་གནས་རི་གངས་རིན་པོ་ཆེའི་གཤམ་དུ་གནས་ཡོད། དུས་རབས་གོང་མའི་ལོ་རབས་80པའི་དུས་འགོ་ནས་བཟུང་གངས་རིན་པོ་ཆེར་རི་སྐོར་དང་ཡུལ་སྐོར་དུ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རིམ་བཞིན་མང་དུ་ཕྱིན་པ་དང་། གངས་ས་གྲོང་ཚོའི་མི་རབས་ནས་མི་རབས་བར་རྩྭ་ཆུ་བཟང་སར་འཚོ་སྡོད་བྱེད་པའི་ཞིང་འབྲོག་པས་ཀྱང་རིམ་བཞིན་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ལས་ལ་ཞུགས་ཡོད། དང་ཐོག་ལོ་ལྟར་རི་སྐོར་དུ་ཡོང་མཁན་གནས་མཇལ་བ་ཐར་ཐོར་ལ་སྣེ་ལེན་ཞུས་པ་དང་། 2017ལོར་གནས་མཇལ་བ་དང་ཡུལ་སྐོར་བ་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང་། ཐོག་མར་འབྲི་གཡག་གཅིག་ཉིན་གཅིག་གླས་པར་སྒོར་20ཟིན་པ་ནས་ད་ཆ་ཉིན་རེར་སྒོར་240བར་འཕར་བ་དང་། དེ་ནས་རིམ་བཞིན་འཛམ་གླིང་གི་ས་ཕྱོགས་ཀུན་ནས་ཡོང་བའི་གནས་མཇལ་བ་དང་ཡུལ་སྐོར་བར་བཟའ་སྡོད་འགྲོ་གསུམ་དང་། ཡུལ་སྐོར་དང་དངོས་ཟོག་ཉོ་སྒྲུབ་སོགས་ཀྱི་ཞབས་འདེགས་ཞུས་པས། ལོ་30ལྷག་ཙམ་རིང་གངས་ས་གྲོང་ཚོ་འདི་ཉིད་ཡུལ་སྐོར་ལ་བརྟེན་ནས་མངའ་རིས་ས་ཁུལ་དུ་སྐད་གྲགས་ཆོད་པའི་ཕྱུག་འགྱུར་གྲོང་ཚོར་གྱུར་ཡོད་པ་རེད།

    ཟླ་བ་བདུན་པའི་མངས་རིས་སུ་ནམ་མཁའ་སྔོ་ལ་སྤྲིན་དཀར་བ་དང་། གངས་རི་དང་རྩྭ་ཐང་གི་མཛེས་ལྗོངས་ཧ་ཅང་ལྟ་ན་སྡུག་པས་ཡིད་སེམས་དབང་མེད་དུ་འཕྲོག གྲོང་ཚོའི་ནུབ་བྱང་རྒྱུད་ཀྱི་སྨི་ངོས་གྲུ་50ཙམ་ཡོད་པའི་གཡག་སྐྱེལ་འདྲེན་ཞབས་ཞུའི་ལྟེ་གནས་ཀྱི་ཚོམས་ཆེན་དུ་ལས་དོན་མི་སྣས་བྲེལ་བརྩོན་ཆེན་པོས་ཡུལ་སྐོར་བར་གཡག་དང་རྟ་སོགས་གཡར་བའི་སྐྱེལ་འདྲེན་ཞབས་ཞུའི་རྣམ་གྲངས་ཀྱི་འགྲོ་གྲོན་རྩི་བཞིན་འདུག ལོ་ལྟར་གྱི་ཟླ་བ་6ནས་8པའི་བར་ནི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་པ་དང་། ཉིན་ལྟར་ཆུ་ཚོད་11ནས་ཆུ་ཚོད་23བར་ལྟེ་གནས་སུ་ཡོང་ནས་སྐྱེལ་འདྲེན་ཞབས་ཞུའི་འགྲོ་ལུགས་གཉེར་མཁན་འགྲུལ་པ་རྒྱུན་ཆད་མེད་ཅིང་། ལྟེ་གནས་ཀྱི་ཉིན་རེའི་ཞབས་ཞུའི་ཡོང་འབབ་སྒོར་ཁྲི་11ཙམ་ཟིན་གྱི་ཡོད་པ་རེད།

    1981ལོར་བཙུགས་པའི་གངས་ས་གྲོང་ཚོའི་གཡག་སྐྱེལ་འདྲེན་ཞབས་ཞུའི་ལྟེ་གནས་ལ་མིག་སྔར་གཡག་2000ལྷག་ཙམ་དང་རྟ་1000ལྷག་ཙམ་ཡོད་པ་དང་། དེ་ནི་ཞིང་འབྲོག་པའི་ཆེད་ལས་རྩ་འཛུགས་དང་། གྲོང་ཚོ་མཉམ་སྡེབ་ཀྱི་དཔལ་འབྱོར་རྩ་འཛུགས། དམངས་ཁྲོད་མཐུན་ཚོགས་བཅས་གཞི་གཅིག་ཏུ་འདུས་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཤིག་རེད། 2017ལོར་རྩ་འཛུགས་དེར་ཡོང་འབབ་སྒོར་ཁྲི་996བྱུང་བ་དང་། མང་ཚོགས་ལ་ཁེ་བཟང་སྒོར་ཁྲི་906བྱུང་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8451ཟིན་ཐོག་མང་ཚོགས་དབུལ་པོ་154དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི་སྣེ་ཁྲིད་བྱས་ཡོད། 2018ལོའི་ལོ་སྟོད་དུ་གྲོང་ཚོ་ཡོངས་ཀྱི་དབུལ་ཞྭ་ཕུད་ཡོད།

    བར་ག་ཤང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཧྭ་ཡིས་ཡུལ་སྐོར་ཡོང་འབབ་ཕུད། བོད་ལྗོངས་མངའ་རིས་ས་ཁུལ་གྱི་འབྲོག་པ་ཚང་མ་དང་འདྲ་བར་གངས་ས་གྲོང་ཚོའི་གྲོང་མི་མི་རེར་ལོ་ལྟར་ཆ་སྙོམས་སྒོར་5000གི་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་དང་བྱ་དགའི་མ་དངུལ་ལེན་རྒྱུ་ཡོད་པ་དང་། གྲོང་ཚོ་ཡོངས་ཀྱི་ལོ་18ཡན་གྱི་མི་ལ་ལོ་ལྟར་སྒོར་3200ཟིན་པའི་མཐའ་མཚམས་ས་ཁུལ་གྱི་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་ཡོད་ཅིང་། མིག་སྔར་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་12000ལྷག་ཙམ་ཟིན་གྱི་ཡོད་ཅེས་བརྗོད་པ་རེད།

    ཝང་ཅུན་ཧྭ་ཡིས་2020ལོར་གངས་ས་གྲོང་ཚོའི་གཡག་སྐྱེལ་འདྲེན་ཞབས་ཞུའི་ལྟེ་གནས་ཀྱི་གློག་རྡུལ་ཆ་འཕྲིན་ཅན་གྱི་ལས་སྒོ་མངོན་འགྱུར་ཐུབ་རྒྱུ་ཡིན་པས། སྐབས་དེར་འཛམ་གླིང་ས་ཕྱོགས་ཁག་གི་ཡུལ་སྐོར་བས་དྲ་ཐོག་ནས་ཡུལ་སྐོར་ཞབས་ཞུ་སྔོན་མངགས་བྱེད་ཐུབ། “སླད་ཕྱིན་ང་ཚོས་གངས་རིན་པོ་ཆེ་དེ་བས་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་ཡུལ་སྐོར་དཔེ་དབྱིབས་འཚོལ་ཞིབ་བྱེད་པ་དང་འབྲེལ། གངས་ས་གྲོང་ཚོ་དེ་མངའ་རིས་ཀྱི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་གཏོད་རྒྱུ་ཡིན་ལ། མ་འོངས་པར་འདི་གར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།