དབུ་ཤོག>ཞིང་འབྲོག་གསར་པ།
  • བསྟན་འཛིན་འཕྲིན་ལས། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-13

    ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ལྷ་སྡིངས་གྲོང་ཚོའི་བསྟན་འཛིན་འཕྲིན་ལས་ཁྱོ་ཤུག་གཉིས་ནི་ལོ་འགའི་སྔོན་དུ་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་ལེན་དངུལ་སོགས་ལ་བརྟེན་ནས་འཚོ་ཐབས་བྱེད་མཁན་གྱི་དུད་ཚང་དབུལ་པོ་ཞིག་རེད། 2016ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་རྗེས་ཡུལ་གཞན་དུ་གནས་སྤོས་རྣམ་གྲངས་བརྒྱུད་ད་ལྟ་ཁྲེང་ཀོན་ཆུས་ཕན་བདེ་ཁུལ་ཆུང་ནང་སྤོས་ཤིང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་སྲིད་ཇུས་བཟང་པོའི་འོག་རང་འགུལ་ངང་སློབ་སྦྱོང་བྱས་པ་དང་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་བ་དང་། དབུལ་སྒྲོལ་ཕྱུག་འགྱུར་གྱི་དམིགས་ཚད་མངོན་འགྱུར་བྱུང་བ་མ་ཟད། ད་དུང་ཁུལ་ཆུང་གི་དུད་ཚང་དབུལ་པོ་གཞན་ལ་ཕྱུག་འགྱུར་གྱི་མིག་དཔེ་བཟང་པོ་ཞིག་ཀྱང་སྟོན་ཐུབ་པ་བྱུང་ཡོད།

    “ཁང་པ་གསར་པའི་ནང་སྤོ་རྒྱུ་བྱུང་། ད་ཆ་དབུལ་སྐྱོར་སྲིད་ཇུས་ཡག་པོ་འདི་འདྲ་ཡོད་པས་དཀའ་ལས་བརྒྱབ་ན་ཕྱུག་པོ་ཆགས་རྒྱུ་ཉག་ཅིག་ཡིན”ཞེས་ཁྲེང་ཀོན་ཆུས་ཕན་བདེ་ཁུལ་ཆུང་གི་དབུལ་སྐྱོར་གནས་སྤོས་ས་ཚིགས་སུ་སྤོས་པའི་བསྟན་འཛིན་འཕྲིན་ལས་ཀྱིས་གསར་འགོད་པར་བཤད། དབུལ་སྐྱོར་གནས་སྤོས་ས་ཚིགས་སུ་མ་སྤོས་གོང་ཁོང་ཚོ་ནང་མི་ལྔའི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པ་དང་ཁྱིམ་གྱི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ནི་ཞིང་ལས་རེད། ད་དུང་ཕྲུ་གུ་གསུམ་སློབ་གྲྭར་གཏོང་དགོས་ཀྱི་ཡོད། སྐབས་དེར་ཁོང་ཚོས་སྔ་ལངས་ཕྱི་ཉལ་གྱིས་ཞིང་ལས་བྱས་ཀྱང་གསོག་པའི་ཡོང་འབབ་དེ་འཚོ་བ་འཁྱོལ་ཙམ་ལས་མེད། དངུལ་མང་པོ་མཁོ་ཚེ་དགའ་ཉེ་སྤུན་མཆེད་ལ་མི་གཡར་ཀ་མེད་ཐུག་གི་ཡོད། 2016ལོར་ཡུལ་གཞན་དུ་གནས་སྤོས་རྣམ་གྲངས་བརྒྱུད་ཁྲེང་ཀོན་ཆུས་ཕན་བདེ་ཁུལ་ཆུང་གི་ཁྱིམ་ཆས་འཛོམས་པ་དང་། རྒྱ་ཆེ་ལ་དཀར་ཆ་དོད་པ། བདེ་ཞིང་སྐྱིད་པའི་ཁང་པ་གསར་པའི་ནང་སྤོས་པ་མ་ཟད། ཁོང་གཉིས་ཀྱིས་ཕྲུ་གུ་ཚོར་སློབ་སྦྱོང་ལ་བརྩོན་འགྲུས་ལྷོད་མེད་དང་ཆབས་ཅིག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་དགོས་ཞེས་སྐུལ་ལྕག་ཡང་ཡང་བྱེད་ཀྱི་ཡོད། “མ་གཞི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ནའང་དབུལ་སྒྲོལ་བྱེད་དགོས་བསམས་ན་སྔར་བཞིན་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་དགོས་པ་ལས་ཏང་དང་སྲིད་གཞུང་ལ་ད་དུང་རྙོག་དྲ་བཟོས་ན་ག་ལ་འགྲིག རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ན་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུ་ཉག་ཅིག་ཡིན”ཞེས་བསྟན་འཛིན་འཕྲིན་ལས་ཀྱིས་བཤད།

    བསྟན་འཛིན་འཕྲིན་ལས་ཁྱོ་ཤུག་གཉིས་དབུལ་སྐྱོར་གནས་སྤོས་ས་ཚིགས་ཀྱི་ཁང་པ་གསར་པའི་ནང་སྤོས་རྗེས། སྲིད་གཞུང་གི་རོགས་སྐྱོར་ཐོབ་ནས་འཚོ་བར་འགན་ལེན་ཐུབ་མོད། འོན་ཏེ་ཁོང་ཚོས་ཡིད་ཚིམ་ནས་མི་སྡོད་པར་མུ་མཐུད་འབད་བརྩོན་བྱས་ཏེ། རང་དང་འཚམ་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཙལ་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་དམིགས་ཡུལ་བསྒྲུབས་པ་རེད། ཕན་བདེ་ཁུལ་ཆུང་དུ་བཅའ་སྡོད་ལྷུན་གྲུབ་རྫོང་གི་འབྲེལ་གཏུག་ས་ཚིགས་ཀྱི་རོགས་སྐྱོར་འོག་2017ལོར་བསྟན་འཛིན་འཕྲིན་ལས་ཁྱོ་ཤུག་གཉིས་ཀྱིས་མེ་ཏོག་གི་ཚོང་རྒྱག་འགོ་ཚུགས། ཁོང་གཉིས་ཀྱིས་ཚོང་གཉེར་ཞིབ་ཚགས་འོག ཚོང་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་དང་ན་ནིང་ཁོ་ནར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་སོང་། བསྟན་འཛིན་འཕྲིན་ལས་དེ་བས་དགའ་འོས་པ་ཞིག་ལ། ཁོང་གི་བུ་མོ་རྒན་པ་རེ་འདོད་བཞིན་གཞུང་ཞབས་པར་རྒྱུགས་འཕྲོད་པ་དང་། བུ་མོ་ཆུང་བ་དང་བུ་ཡང་སློབ་གྲྭ་ཆེ་མོར་བདེ་བླག་ངང་རྒྱུགས་འཕྲོད་པ་རེད།

    ཕན་བདེ་ཁུལ་ཆུང་དུ་བཅའ་སྡོད་ལྷུན་གྲུབ་རྫོང་གི་འབྲེལ་གཏུག་ས་ཚིགས་ཀྱི་འགན་འཁུར་བ་ཡེ་ཤེས་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར། མིག་སྔར་ལྷུན་གྲུབ་རྫོང་ནས་ཁྲེང་ཀོན་ཆུས་ཕན་བདེ་ཁུལ་ཆུང་དུ་གནས་སྤོས་བྱས་པའི་མི་གྲངས་856ཟིན་པའི་ནང་དུས་ཐུང་ལས་མི་ཕུད་མི་233ལས་ཞུགས་ཐུབ་ཡོད། གོམ་སྟབས་རྗེས་མར་ས་ཚིགས་དེས་དུད་ཚང་ལ་ཟབ་སྐྱོད་བརྟག་དཔྱད་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག་སྲིད་ཇུས་ཁག་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཁྱིམ་ཚང་ཀུན་གྱིས་ཤེས་པ་བྱ་རྒྱུ་དང་མང་ཚོགས་གནས་སྤོས་ལས་ཞུགས་ཀྱི་གསོ་སྦྱོང་ལ་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། ལས་ཞུགས་བྱེད་ཚད་མཐོ་རུ་དང་ཡོང་འབབ་མཐོ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།