
འདི་ནི་ཚེ་རིང་སྒྲོལ་མས་ཇུས་འགོད་བྱས་པའི་ཁ་བཏགས་ཡིན་པ།
2016ལོར་ཚེ་རིང་སྒྲོལ་མའི་ཨར་སྐྲུན་རྒྱུ་ཆ་སྐྱེལ་འདྲེན་གྱི་ཚོང་དེ་ཙམ་ཡག་པོ་མ་བྱུང་བར་བརྟེན་ཚོང་གཞན་ཞིག་རྒྱག་རྒྱུའི་བསམ་བློ་འཁོར།
བུད་མེད་ཅིག་ཡིན་པ་མ་ཟད་ལོ་40ལ་མགྱོགས་མྱུར་སླེབས་གྲབས་ཡོད་དུས། ལས་གཏོད་བསྐྱར་མ་བྱེད་རྒྱུ་ནི་ཁོང་གི་ངོས་ནས་བཤད་ན་ཤིན་ཏུ་དཀའ་བའི་བྱ་བ་ཞིག་རེད། གཤིས་ཀ་གྱོང་བའི་ཚེ་རིང་སྒྲོལ་མས་དཀའ་ངལ་ལ་གདོང་ལེན་བྱས།
ལས་ཀ་གང་འདྲ་བྱས་ཀྱང་ལས་གཏོད་བྱེད་པའི་བསམ་བློ་དོར་མེད། སྟེས་དབང་གི་གོ་སྐབས་ཤིག་ལ་ཚེ་རིང་སྒྲོལ་མར་ཁ་བཏགས་སིལ་ཚོང་བྱེད་མཁན་གྱི་་རོགས་པ་ཞིག་ཐུག་སྟེ་དེས“སྒྲོལ་མ་ལགས། ཁྱེད་ཀྱིས་ཁ་བཏགས་ཀྱི་ཚོང་བརྒྱབ་ན་གང་འདྲ་འདུག”ཅེས་བཤད།
སྐད་ཆ་དེས་ཚེ་རིང་སྒྲོལ་མའི་སེམས་ཀྱི་མུན་པར་སྒྲོན་མེ་སྤར་བ་ལྟ་བུ་བྱུང་ནས་ཁ་བཏགས་འཚོང་མཁན་ཞིག་བྱེད་པའི་བསམ་བློ་འཁོར། གཉེན་སྟོན་རྗེས་འཇུག་དང་བག་མ་སྐྱེལ་བསུ་སོགས་གང་ཡིན་རུང་བོད་རིགས་ཀྱི་རྒྱུན་གཏན་འཚོ་བའི་ནང་ཁ་བཏགས་སྤྱོད་རྒྱ་ཧ་ཅང་ཆེ་བས། ཁ་བཏགས་ཀྱིས་དྭངས་གཙང་གི་སེམས་པ་ཞིག་མཚོན་གྱི་ཡོད། ལོ་ལྟར་ལྗོངས་ཡོངས་སུ་ཁ་བཏགས་སྤྱོད་རྒྱ་ཧ་ཅང་ཆེན་པོ་ཡོད་ནའང་། ཁ་བཏགས་འཐག་མཁན་བཟོ་གྲྭ་ཕལ་མོ་ཆེ་ནི་ལྗོངས་ཕྱིར་ཡོད།
ཁྲོམ་རར་ལོ་ཕྱེད་ཙམ་བརྟག་དཔྱད་བྱེད་རིང་། ཚེ་རིང་སྒྲོལ་མས་གཞིས་རྩེ་གྲོང་ཁྱེར་གྱི་ཁྲོམ་ར་ཚང་མ་ནས་ཁ་བཏགས་སྣེ་རེ་ཉོས་ཏེ། དལ་བའི་སྐབས་བཟོ་གྲྭ་དེ་དག་གིས་བཏགས་པའི་ཁ་བཏགས་ཀྱི་བཟོ་རྩལ་དང་རྒྱུ་སྤུས་ལ་ཉམས་ཞིབ་བྱས་ནས་ཚང་མའི་གནས་ཚུལ་ལ་རྒྱུས་ལོན་བྱས། དེ་ལྟར་ཚེ་རིང་སྒྲོལ་མས་ཕྱོགས་མང་པོ་ནས་གྲབས་གསོག་བྱས་པའི་དངུལ་སྒོར་ཁྲི་60སྤྱད་ནས་ལས་གཏོད་རྣམ་གྲངས་ཤིག་གཉེར་བ་རེད།
སྤུས་དག་ལ་རིན་གོང་ཁེ་བའི་ཁ་བཏགས་ཀྱི་རྒྱུ་ཆ་ཞིག་འཚོལ་ཕྱིར། ཚེ་རིང་སྒྲོལ་མས་རྒྱལ་ཡོངས་ཀྱི་ས་གནས་ཚང་མར་བསྐྱོད་ཡོད། ནེ་པ་ལའི་རྒྱུ་སྤུས་དག་པའི་སྲིང་བལ་གྱི་ཁ་བཏགས་གཞིས་རྩེ་གྲོང་ཁྱེར་ལ་བྲིན་ཁ་རྒྱུག་པོ་ཡོད་པ་ཤེས་འཕྲལ་རོགས་པར་ཁ་བཏགས་དེ་འཚོལ་རོགས་ཞེས་བཤད་ནས་ཁྲོམ་རར་མེད་པའི་ཁ་བཏགས་ཤིག་ཇུས་འགོད་བྱས་པ་དང་། བོད་ལ་ཁ་བཏགས་བཟོ་བྱེད་ཀྱི་འཕྲུལ་འཁོར་མེད་སྟབས་ཚེ་རིང་སྒྲོལ་མས་སི་ཁྲོན་གྱི་བཟོ་གྲྭ་ཞིག་ལ་ཐོན་སྐྱེད་བྱ་རྒྱུར་མངགས།
ཟླ་བ་འགའི་རྗེས་ཁ་བཏགས་བཟོས་ཟིན་ནའང་། ཁ་བཏགས་དག་ཕྱིར་ཚོང་བྱེད་པ་ནི་ལས་སླ་བའི་བྱ་བ་ཞིག་མིན་སྟབས། རང་ཉིད་ཀྱིས་བཟོས་པའི་ཁ་བཏགས་ཁྲོམ་རར་འདོན་ཆེད་ཚེ་རིང་སྒྲོལ་མའི་ལས་རོགས་གཉིས་ཀྱིས་ཚན་པ་མི་རེ་ངོ་རེར་ཕྱིན་པ་དང་། སྡེབ་ཚོང་ཚོང་པ་དང་ངོ་འཕྲད་གྲོས་མོལ་བྱེད་པའི་བརྒྱུད་རིམ་ཁྲོད་མ་གཞི་ཁ་རྡབ་སྣ་རྡབ་བྱུང་ཡང་མཐར་ཚེ་རིང་སྒྲོལ་མའི་ཁ་བཏགས་དེ་བཙོངས་ཐུབ་ཅིང་། འབད་བརྩོན་ལྷོད་མེད་དང་མཐའ་འཁྱོངས་བྱས་པ་བརྒྱུད། ཚོང་ཟོག་མངགས་མཁན་ཇེ་མང་དུ་སོང་ཡོད།
ལྕགས་ཚ་པོར་རྡུང་དགོས་པའི་དཔེ་ལྟར། ཚེ་རིང་སྒྲོལ་མས་སི་ཤན་གྱི་ཁ་བཏགས་དང་དར་སྐུད་ཀྱི་ཁ་བཏགས་སོགས་སྔ་རྗེས་སུ་བཟོས་ནས་བཏོན་པ་དག་རྒྱུ་སྤུས་དག་ཅིང་གོང་ཁེ་ལ་ཁྱད་ཆོས་ལྷག་པར་ལྡན་པར་བརྟེན་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། 2017ལོའི་ལོ་སྨད་དུ་ཚེ་རིང་སྒྲོལ་མའི་ཁ་བཏགས་ཀྱི་ཚོང་ལ་འགྱུར་བ་མངོན་གསལ་དོད་པོ་བྱུང་ནས་ཟླ་རེར་ཁ་བཏགས་བཙོངས་པའི་ཡོང་འབབ་སྒོར་ཁྲི་17ལས་བརྒལ་བ་དེས་ཚེ་རིང་སྒྲོལ་མར་སྐུལ་མ་ཆེན་པོ་ཐེབས།
ལེགས་གྲུབ་བྱུང་མིན་དེ་ལས་ཀ་ཚགས་ཚུད་ལ་ཐུག་ཡོད། ཞིབ་ཚགས་པའི་ཚེ་རིང་སྒྲོལ་མས་ཁྲོམ་རར་དར་བཟོ་ཆེ་བའི་ཁ་བཏགས་ཀྱི་སྣེ་འཛར་རང་དགར་བཞག་པ་དེས་སྟོད་གོས་ཀྱི་ཐེབས་ཆིར་འཁོན་ནས་སྟབས་བདེ་པོ་མེད་པར་བསམས་ནས། ཁ་བཏགས་ཀྱི་ཇུས་འགོད་སྔར་བས་མི་གཤིས་དང་མཐུན་པ་དང་ཁྱད་ཆོས་ལྡན་པ་ཡོང་ཆེད། མི་རིགས་ཀྱི་རྒྱན་རིས་ཇུས་འགོད་བྱས་ནས་ཁ་བཏགས་ཀྱི་སྣེ་འཛར་སྔར་བས་མཛེས་ཤིང་གཡོག་བདེ་ཡོང་བར་བྱས་ཡོད།
ཚེ་རིང་སྒྲོལ་མ་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་ཁ་བཏགས་ཀྱི་སྤུས་རྟགས་མིང་ལ་ཇོ་མོ་ལྷ་རི་ཞེས་བཏགས་ཡོད། ཇོ་མོ་ལྷ་རི་ནི་ཚེ་རིང་སྒྲོལ་མའི་ཕ་ཡུལ་གྲོ་མོ་རྫོང་ཕག་རི་གྲོང་རྡལ་གྱི་གནས་རི་གྲགས་ཅན་ཞིག་གི་མིང་ཡིན་པ་དང་། གནས་རི་དེ་དཀར་གཙང་བླ་ན་མ་མཆིས་པའི་ཁ་བཏགས་དང་མཚུངས་པས་རེད།
མི་རིགས་ཀྱི་ཐོན་ཟོག་ལ་མི་སྔར་བས་མང་བས་དགའ་པོ་བྱེད་པ་ནི་ཚེ་རིང་སྒྲོལ་མའི་ཕུགས་བསམ་རེད། ཉེ་དུས་ཚེ་རིང་སྒྲོལ་མས་ཡོང་འབབ་རྣམས་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཐོན་ཟོག་མང་པོ་ཞིབ་འཇུག་གསར་སྤེལ་ཐད་གཏོང་རྒྱུ་ཡིན་པ་རེད།
“ང་ཚོའི་ཐོན་ཟོག་གི་བཟོ་རྩལ་ཐད་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ཀྱི་མཛེས་རྩལ་ཇུས་འགོད་དང་གཅིག་གྱུར་ཡོང་བར་བྱས་པ་དང་། ཐོན་ཟོག་ཇུས་འགོད་བྱེད་སྐབས་དུས་རབས་ཀྱི་གཞི་རྒྱུ་དང་སྒྱུ་རྩལ་གྱི་ཁྱད་ཆོས་བློ་ཁོག་ཆེན་པོས་སྤྱད་དེ། ཞིབ་འཇུག་གསར་སྤེལ་བྱས་པའི་དར་བཟོ་ཆེ་བའི་ཐོན་ཟོག་ལ་སྲོལ་རྒྱུན་གྱི་བཟོ་རྩལ་མ་ཉམས་པའི་ཁར་ཚགས་ཚུད་པོ་དང་དམིགས་བསལ་ལྡན་པ་བྱས་ཡོད”ཅེས་ཚེ་རིང་སྒྲོལ་མས་གསར་འགོད་པར་བརྗོད་བྱུང་།