དབུ་ཤོག>ཞིང་འབྲོག་གསར་པ།
  • ཕོ་གཞོན་བློ་བཟང་འཕེལ་རྒྱས་ཀྱི་ལས་གཏོད་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-06

    བློ་བཟང་འཕེལ་རྒྱས་ཀྱི་ཚོང་ཁང་ཁྲོམ་གཟིགས་སྒང་ཁྲོམ་རའི་ལྷོ་ངོས་ཀྱི་སྐྱིད་རས་སྲང་ལམ་དུ་གནས་པ་དང་། སྨི་ངོས་གྲུ་10ཡང་མ་ཟིན་པའི་ཚོང་ཁང་ཆུང་ཆུང་དེར་ཁོང་གིས་བོད་ཀྱི་ས་ཕྱོགས་ཁག་ནས་བསྡུ་ཉོ་བྱས་པའི་ཕྱུར་བ་དང་། གྲོ་མ། ཚགས་ཤ་སྐམ་པོ་སོགས་ཁྱད་ལྡན་བཟའ་བཅའ་བསྒྲིགས་ཡོད་པ་དང་། ཀོ་བས་ཐུམ་སྒྲིལ་ཞིབ་ཚགས་བྱས་པའི་ཐོན་རྫས་དག་མཐོང་སྐབས་ཚོང་ཁང་དེ་སྤུས་ཚད་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པའི་སྣང་བ་ཡོང་གི་ཡོད།

    ལོ་རབས་90པའི་ནང་སྐྱེས་བློ་བཟང་འཕེལ་རྒྱས་འདམ་གཞུང་རྫོང་གི་འབྲོག་དུད་དཀྱུས་མ་ཞིག་ཏུ་འཚར་ལོངས་བྱུང་བ་དང་། ཆུང་བྱིས་པའི་དུས་ནས་འབྲི་གཡག་ལ་བརྩེ་བ་ཟབ་མོ་ལྡན་པའི་དབང་གིས་ལས་གཏོད་ཀྱི་བརྒྱུད་རིམ་ནང“ལྗང་མདོག་གནོད་མེད་ཀྱི་འབྲོག་ལས་ཐོན་རྫས”ཀྱི་སྤུས་རྟགས་གཏོད་རྒྱུའི་བསམ་བློ་འཁོར།

    ལས་གཏོད་བྱེད་པའི་ཐོག་མའི་དུས་སུ། ཁྲོམ་རར་འབྲོག་ཟོག་གི་དགོས་མཁོ་གང་འདྲ་ཡོད་མེད་མཐིལ་རྟོགས་བྱ་ཆེད། བློ་བཟང་འཕེལ་རྒྱས་ཀྱིས་ཁྲོམ་རར་བརྟག་དཔྱད་བྱེད་ཞོར་དུ་ཚགས་ཤའི་ཞོར་ཐོན་ཐོན་རྫས་ཉོ་ཚོང་བྱས། དགུན་དུས་ནོར་ལུག་བཤས་གཏོང་ཚད་མང་དུ་ཕྱིན་པ་དང་བསྟུན་ནས་ནོར་ལུག་ཞོར་ཐོན་ཐོན་རྫས་ཇེ་མང་དུ་ཕྱིན་པ་དང་། ལྷག་དོན་དུ་འབྲི་གཡག་གི་ཁྲག་དང་སུག་པ་སྤྱོད་ཚད་དམའ་པོ་ཡོད་པ་ཁོང་གིས་གང་མགྱོགས་ཤེས། དེས་ན། བློ་བཟང་འཕེལ་རྒྱས་ཀྱིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་གཙིགས་ཆེན་བྱེད་པའི་རྨང་གཞིའི་ཐོག་འབྲི་གཡག་གི་ཁྲག་དང་སུག་པ་ལས་སྣོན་སྦྱོར་སྡེབ་ལེགས་སུ་བཏང་བ་དང་འབྲེལ་ཡུལ་མི་དང་མཉམ་ལས་བྱས་ནས་ཁོང་ཚོར་ལས་སྣོན་བྱེད་རིང་སྲོལ་རྒྱུན་གྱི་ལས་སྣོན་བཟོ་རྩལ་ལ་བརྟེན་ནས་ཐོན་རྫས་བཟོ་དགོས་པའི་རེ་བ་ནན་པོ་བཏོན་ཡོད།

    ཐོན་རྫས་བཟོ་བའི་རེ་བ་དང་མཐུན་རྗེས། བློ་བཟང་འཕེལ་རྒྱས་ཀྱིས་ལྷ་སའི་ཁྲོམ་གཞུང་ཆེ་ཆུང་ཁག་ཏུ་ཁྲོམ་བཏོན་ནས་ལོ་གཅིག་ཙམ་ཐོན་རྫས་འཚོང་འགོ་ཚུགས། ལོ་དེར་ཁོང་ལ་གཏན་འཇགས་ཚོང་ཤག་བྱུང་ཡོད་ལ་ཚེ་འདིར་ཚོང་གི་ཁེ་བཟང་དང་པོའང་རག་ཡོད། དེ་རྗེས་ཀྱི་དུས་ཚོད་ནང་ཁོང་གིས་ཁྲོམ་རའི་དགོས་མཁོར་གཞིགས་ནས་འདམ་གཞུང་རྫོང་དུ་ལོག་སྟེ་མ་བཅོས་རྒྱུ་ཆའི་རྟེན་གཞི་དང་འབྲོག་དུད་ཀྱི་ཁེ་ཕན་མཉམ་སྤྱོད་དང་ཉེན་ཁ་མཉམ་འཁུར་གྱི་རོགས་ལས་ལམ་སྲོལ་འཛུགས་རྒྱུའི་གྲ་སྒྲིག་བྱས། དེ་དང་ཆབས་ཅིག་མངགས་ཐོའི་ཐོན་སྐྱེད་དང་གཅིག་གྱུར་བསྡུ་ཉོར་བརྟེན་ནས་འབྲོག་དུད་ཚན་རིག་དང་མཐུན་པའི་གསོ་ཚགས་དང་ཚོང་གཉེར་གྱི་འཕེལ་རྒྱས་ལམ་དུ་བསྐྱོད་རྒྱུར་ཁྲིད་སྟོན་བྱས་ཡོད།

    2016ལོའི་ཟླ་7པར་བློ་བཟང་འཕེལ་རྒྱས་ཀྱིས་བོད་ལྗོངས་འབྲོག་པའི་འབྲོག་ཟོག་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་དངོས་སུ་བཙུགས་ཏེ་ནོར་ལུག་གསོ་ཚགས་དང་། རྒྱུད་པ་སྤེལ་བ། འབྲོག་ཟོག་བསྡུ་ཉོ་ཞིབ་འཇུག་གསར་སྤེལ་དང་གསོག་ཉར། ལས་སྣོན་དང་ཕྱིར་ཚོང་བཅས་བྱེད་འགོ་ཚུགས། ལས་གཏོད་ཀྱི་གཞི་ཁྱོན་རགས་ཙམ་ཆགས་རྗེས་བློ་བཟང་འཕེལ་རྒྱས་ཀྱིས་རང་ཉིད་ཀྱི“ལྗང་མདོག་གནོད་མེད”ཀྱི་ཕུགས་འདུན་སྒྲུབ་འགོ་ཚུགས་ནས་ལྷ་སར“འབྲོག་པའི་ཁྱད་ལྡན་ཡུལ་ཟོག་ཐོན་རྫས་ཚོང་ཁང”ཞེས་པ་ཞིག་བཙུགས་ཏེ་ཀུང་སིའི་ཐོན་རྫས་དང་བོད་ཀྱི་ས་གནས་ཁག་ནས་བསྡུ་ཉོ་བྱས་པའི་ལྗང་མདོག་གནོད་མེད་ཐོན་རྫས་ཆེད་ཚོང་བྱེད་འགོ་ཚུགས།

    “ཕྱིར་ཚོང་གི་རིན་གོང་མཐོ་པོ་ཡོད་མོད། ཡིན་ནའང་ངའི་ཐོན་རྫས་ཚང་མ་སྤུས་དག་ཡིན་ལ། ཚང་མ་ཧྲག་སྒྲུག་བརྒྱབ་པའི་རྩེར་སོན་ལྗང་མདོག་གནོད་མེད་བཟའ་བཅའ་ཡིན”ཞེས་བློ་བཟང་འཕེལ་རྒྱས་ཀྱིས་རང་ཉིད་ཀྱི་ཚོང་ཤག་ལ་ཐོན་རྫས་ངོ་སྤྲོད་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས་རྟག་ཏུ་ལག་ཐོགས་ཁ་པར་ནས་རང་ཉིད་ཀྱིས་འབྲོག་ཁུལ་ནས་བསྡུ་ཉོ་བྱས་པའི་པར་སྟོན་རྒྱུ་བརྗེད་ཀྱི་མེད། བློ་བཟང་འཕེལ་རྒྱས་ཀྱིས་བརྗོད་པ་བཞིན་ཚོང་ཁང་གི་ཐོན་རྫས་ཚང་མ་ཐོན་ཡུལ་ནས་བསྡུ་ཉོ་བྱས་པ་ཤ་སྟག་རེད།

    “ཚོང་ཡག་པོ་འདི་འདྲ་བྱུང་བ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད་ལ། ལྷག་པར་དུ‘དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི’སྒོ་འཛིན་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་རྗེས་ངའི་ཚོང་ཁང་དུ་ཚོང་ཤག་མང་དུ་མངོན་གསལ་དོད་པོ་ཕྱིན་སོང་། ལྗང་མདོག་བདེ་ཐང་གི་གཉེར་སྐྱོང་འདུ་ཤེས་རྒྱུན་འཁྱོངས་བྱས་ཚེ་ངའི་ལས་གཏོད་ལ་གྲུབ་འབྲས་ཐོན་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བློ་བཟང་འཕེལ་རྒྱས་ཀྱིས་གདེང་ཚོད་ཆེན་པོའི་ངང་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།