དབུ་ཤོག>ཞིང་འབྲོག་གསར་པ།
  • བསོད་ནམས་ཕུན་ཚོགས་དང་ཁོང་གི་སྔོ་ཚལ་དྲོད་ཁང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་ཤིས་ཚེ་དབང་། བསྟན་འཛིན་ཕུན་ཚོགས། ཁྲ་དོད། ལྕང་བུ་ཆུང་།   |     སྤེལ་དུས།  2018-06-26

    525561_yis_1529904926711_s.jpg

    འདི་ནི་བསོད་ནམས་ཕུན་ཚོགས་ཀྱིས་དྲོད་ཁང་ནང་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་པ།

    ཞོགས་པའི་ཉི་གཞོན་གྱི་ཟེར་བརྒྱ་ལྷ་རྩེ་རྫོང་ཁུལ་གྱི་ཁོར་ར་ཁོར་ཡུག་ཀུན་ཏུ་དལ་བུར་འཕྲོ་བའི་སྐབས་དང་བསྟུན་ནས་ང་ཚོ《བདག་ཁྱིམ་གྱི་ལོ་ངོ་40》ཡི་བཅར་འདྲི་ཚོགས་པའི་གསར་འགོད་པ་ལྷ་རྩེ་རྫོང་དྲིལ་བསྒྲགས་པུའི་འབྲེལ་ཡོད་ལས་དོན་མི་སྣའི་སྣེ་ཁྲིད་འོག རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ཁག་གསུམ་པའི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ལ་བདམས་པའི་ལྷ་རྩེ་རྫོང་གྲོང་ནས་རྒྱང་ཐག་རིང་པོ་དེ་ཙམ་མེད་པའི་སར་ཆགས་པའི་ཆུ་ཤར་གྲོང་རྡལ་ཆུ་ཤར་གྲོང་ཚོར་འབྱོར། རླུང་བུ་བསིལ་བསིལ་དུ་ལྡང་བ་དང་མཁའ་རླུང་ཧ་ཅང་གཙང་བའི་གྲོང་ཚོ་དེར་འབྱོར་མ་ཐག་ང་ཚོའི་འདྲེན་བྱེད་ཡུལ་དུ་འཆར་བ་ནི་ཚར་དུ་དངར་བའི་དེང་དུས་ཀྱི་ཞིང་པའི་བདེ་སྡོད་ཁང་པ་དང་དུད་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་མ་ཟད། ད་དུང་སྟར་པ་དང་སྟར་པ་བྱས་ནས་ཆགས་པའི་སྔོ་ཚལ་དྲོད་ཁང་དེ་དག་རེད་འདུག རླངས་འཁོར་ལས་བབས་མ་ཐག་ངོ་གདོང་ཅུང་ནག་ཀྱང་བབ་ཆགས་ལ་ལྷད་མེད་ཀྱི་འཛུམ་མདངས་འཕྱུར་བཞིན་པའི་ལྷ་རྩེའི་ཕོ་གསར་བསོད་ནམས་ཕུན་ཚོགས་ཀྱིས་ང་ཚོར་བསུ་མ་བྱེད་དུ་སླེབས། ཁོང་ནི་ད་རེས་ང་ཚོའི་བཅར་འདྲི་བྱ་ཡུལ་ཆུ་ཤར་གྲོང་རྡལ་ཆུ་ཤར་གྲོང་ཚོའི་ཀྲུའུ་རེན་དང་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་སྦྱིན་བདག་རེད།

    སྔོ་ཚལ་འདེབས་འཛུགས་དང་ལས་འཕྲོའི་མདུད་པ་ཐེབས།

    ཁྱིམ་ཚང་ཚང་མའི་སྒོ་རྩར་རླངས་འཁོར་ཤར་བགྲོད་ཐུབ་པའི་ཨར་འདམ་ལམ་བསྐྲུན་འདུག་ལ། ཕྱི་ཡི་བཀོད་པ་ལེགས་ཤིང་རྒྱ་ཆེ་བ་དང་གཙང་སྦྲ་དོད་པའི་ཁོང་གི་ཁྱིམ་ལྗོན་ཤིང་སྔོ་ཐིང་ངེར་འགྱུར་བའི་དབུས་སུ་ཆགས་པ་དང་དེའི་ཟུར་ངོས་ནས་ཆུ་ཕྲན་ཤང་ཤང་དུ་རྒྱུ་བཞིན་འདུག་ལ། སྐབས་འགར་རྒྱང་ཐག་མི་རིང་བའི་ས་ནས་སྦག་སྦག་གི་སྐད་སྒྲ་གསལ་པོ་ཞིག་དང་བྱིས་པའི་དགོད་སྒྲ་ལྷང་ལྷང་དུ་ཐོས་རྒྱུ་འདུག ཡང་སྐབས་འགར་འཁོར་གསུམ་སྦག་སྦག་ནང་སྔོ་ཚལ་སྣ་ཚོགས་བྱུར་བུར་བླུགས་ནས་སྤྲོ་སྣང་དཔག་མེད་ངང་རྫོང་གྲོང་གི་ཕྱོགས་སུ་འགྲོ་མཁན་ཡང་མཐོང་རྒྱུ་འདུག་པས་དེ་ནི་ལྟ་ན་སྡུག་ཅིང་ཡི་གར་འོང་བའི་ས་མཐོའི་གྲོང་གསེབ་གསར་པའི་མཛེས་ལྗོངས་གསོན་པོ་ཞིག་མ་ཡིན་ནམ་སྙམ། 

    སྐབས་དེར་བསོད་ནམས་ཕུན་ཚོགས་ཀྱིས་ང་ཚོ་ཁོང་གི་ཁྱིམ་དུ་ཁྲིད་བྱུང་། དཀར་ཆ་དོད་ལ་རྒྱ་ཆེ་བའི་ཚོམས་ཆེན་ནང་འཛུལ་སྐབས་འཁྱག་སྒམ་དང་བརྙན་འཕྲིན་སོགས་དེང་རབས་ཀྱི་ཁྱིམ་ཆས་འདྲ་མིན་སྣ་ཚོགས་གྲལ་སྟར་འགྲིག་ཅིང་། གྱང་ལྡེབས་ཀྱི་གཡས་ངོས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་ཀྱི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་སྐབས་ཀྱི་སྐུ་པར་དང་གཡོན་ངོས་སུ་ཀྲུང་དབྱང་གི་འགོ་ཁྲིད་མི་རབས་ལྔ་པོའི་སྐུ་པར་བཀལ་ཡོད་པ་དེ་དག་འདྲེན་བྱེད་ཡུལ་དུ་འཆར་མ་ཐག་ཁོང་ནི་ཏང་དང་མི་དམངས་ལ་ལྷག་བསམ་དཀར་བའི་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་རྟོགས།

    ད་ལོ་ལོ་47ལ་སླེབས་པའི་བསོད་ནམས་ཕུན་ཚོགས་ཀྱི་ཁྱིམ་ལ་ཁྱོན་ནང་མི་9ཡོད་ཅིང་། གངས་ལྗོངས་ས་མཐོར་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་མ་ལྡང་གོང་གི་འཚོ་བའི་ཆ་རྐྱེན་དེ་ཙམ་ཡག་པོ་མེད་པ་དང་ད་ལོ་དགུང་ལོ་76ལ་སླེབས་པའི་ཕ་རྒན་བློ་གསལ་ཆུང་དུས་ཆུ་ཡུར་སྲུང་སྐབས་ལག་པར་རྡབ་ཆག་བྱུང་ཞིང་། སྐབས་དེ་དུས་གྲོང་ཚོའི་སྨན་བཅོས་ཆ་རྐྱེན་ཞན་པས། དུས་ཐོག་ཏུ་སྨན་བཅོས་མ་ཐུབ་པའི་རྐྱེན་གྱིས་ལག་པ་སྐྱོན་ཅན་དུ་གྱུར་རྗེས་མི་དམངས་ཀུང་ཧྲེའི་ལུག་རྫི་མ་བྱེད་ཀ་མེད་བྱུང་། བྱམས་དང་བརྩེ་བ་དྲོན་མོས་ཁྱིམ་ཚང་སྐྱོང་བཞིན་པའི་མ་རྒན་མིག་དམར་ད་ལོ་དགུང་ལོ་75ལ་སླེབས་འདུག མ་གཞི་མ་རྒན་ཁོང་ལ་རུས་ནད་ཕོག་ཡོད་ནའང་ད་ཆ་བསོད་ནམས་ཕུན་ཚོགས་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་བརྒྱ་ཐམ་པའི་གྲལ་འགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་མཇུག་ཏུ་ལུས་མེད་པས་དབང་པོ་སྐྱོན་ཅན་གྱི་མིང་ཐོའི་ནང་འགོད་དུ་བཅུག་མེད། ཕ་འཛོམས་མ་འཛོམས་ཀྱི་བསོད་ནམས་ཕུན་ཚོགས་དང་ཁོང་གི་བཟའ་ཟླ་ཕུར་བུ་སྒྲོལ་མའི་དབར་བརྩེ་དུང་གི་མྱུ་གུ་འབུས་འགོ་ཚུགས་ནས་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་གིས་སྐྱིད་གསུམ་སྡུག་གསུམ་གྱི་མི་ཚེའི་བཤུལ་ལམ་རིང་མོ་འགྲིམ་འགོ་ཚུགས་པ་ནས་བཟུང་ཁོང་གཉིས་ལ་ཕྲུ་གུ་2བྱུང་ཡོད་ཅིང་། བུ་མོ་བསྟན་འཛིན་དབང་མོ་ཧུའུ་པེ་འགྲིམ་འགྲུལ་ལས་རིགས་སློབ་གྲྭ་འགྲིམ་བཞིན་ཡོད་པ་དང་བུ་བསྟན་འཛིན་གྲགས་པ་རྣམ་གླིང་རྫོང་དུ་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད། ད་དུང་ཕ་མ་གཉིས་པོ་དང་ཁ་འབྲལ་འདོད་མེད་ཅིང་མནའ་མར་འགྲོ་འདོད་མེད་པའི་བསོད་ནམས་ཕུན་ཚོགས་ཀྱི་གཅུང་མོ་ཚེ་དབང་ཆོས་སྒྲོན་ད་བར་ཁྱིམ་ཚང་མ་ཟིན་པར་ནང་མི་གཞན་དག་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་གིས་འཆམ་མཐུན་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། 2012ལོ་དང་2015ལོར་ཁོང་ཁྱིམ་ཚང་གི་ཆ་རྐྱེན་དང་ནང་མི་ཕན་ཚུན་དབར་གྱི་མཛའ་བརྩེ་དང་འཆམ་མཐུན་སོགས་ལ་གཞིགས་ནས། བོད་རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་ནས་ཁོང་ཁྱིམ་ལ་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་དུད་ཚང་གི་གཟེངས་རྟགས་ཀྱང་སྤྲད་པ་རེད།

    བསོད་ནམས་ཕུན་ཚོགས་ཁྱིམ་ལ་ས་ཞིང་རྒྱ་ཁྱོན་མུའུ་18ཙམ་ཡོད་པའི་ནང་ནས་དྲོད་ཁང་13གྱིས་མུའུ་4ཙམ་བཟུང་ཡོད་པ་དེར་དུས་རྒྱུན་པད་ཚལ་དང་། ལ་ཕུག སོ་ལོ་སྔོན་པོ། ཀྲོ་མ་ཀྲུ་སོགས་འདེབས་པ་དང་། ལོ་ལྟར་དབྱར་ཁ་ཤར་མ་ཐག་ཀྲོ་མ་ཀྲུ་ཆུང་ཆུང་དང་ཤིས་ཀྭ་སོགས་ཞིང་སྨན་མེད་པའི་ལྷད་མེད་སྔོ་ཚལ་དང་ཤིས་ཀྭ་ཁྲོམ་རར་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་། དེ་བྱིངས་ཀྱི་ས་ཞིང་ལ་པད་ཁ་དང་འབྲུ་རིགས་འདེབས་ཀྱི་ཡོད། ད་ཆ་ཁོང་ཁྱིམ་གྱིས་འབྲུ་རིགས་ཁོ་ན་བཏབ་ནས་མ་བསྡད་པར་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕྱུག་ཞིང་དར་གྱི་སྲིད་ཇུས་བཟང་པོའི་འོག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་སྔོ་ཚལ་དང་ཤིས་ཀྭ་སོགས་བཏབ་སྟེ་ཡོང་འབབ་འཕར་ཐབས་ཀྱིས་ཧུར་བརྩོན་ཆེན་པོས་ཕྱུག་པོའི་ལམ་དུ་སྐྱོད་བཞིན་མཆིས།

    གསར་འགོད་པས། “ད་ཆ་ཁྱེད་རང་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་གང་ཡིན་པ་དང་སྔོ་ཚལ་འདེབས་འཛུགས་བྱེད་དགོས་དོན་གང་ཡིན”ཞེས་འདྲི་སྐབས། བསོད་ནམས་ཕུན་ཚོགས་ཀྱིས། “ད་ཆ་ངའི་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་སྔོ་ཚལ་ཡིན། གང་ལགས་ཤེ་ན། ང་ཚོའི་ཁྱིམ་གྱི་ས་ཞིང་རྒྱ་ཆེ་བའི་ཁར་རང་ཉིད་སྔོ་ཚལ་འདེབས་འཛུགས་ཁང་གི་ལས་འཛིན་པ་ཡིན་པ་མ་ཟད། ད་དུང་དུས་རྒྱུན་གྲོང་ཚོ་ཨུ་ལྷན་གྱི་ལས་ཀ་ཙག་ཙིག་ཧ་ཅང་མང་བ་དང་ཕ་མ་གཉིས་པོ་དགུང་ལོ་མཐོ་བས། ནམ་ནམ་ཞར་ཞར་དུ་བཟའ་ཟླ་གཅིག་པུས་ས་ཞིང་ལ་གཡོག་བྱེད་པ་ལས་རང་ཉིད་ཀྱིས་བཟའ་ཟླར་རོགས་པ་གང་ཡང་ཡོང་གི་མི་འདུག ལྷག་པར་དུ་ད་ལྟའི་ཆར། ཏང་གི་དམངས་ཕྱུག་ཞིང་དར་གྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཉིན་རེ་ལས་མ་འདས་པར་མཐོ་རུ་སོང་བ་དང་གཟུགས་པོར་བདག་གཅེས་བྱེད་པ་དང་བདེ་ཐང་འཚོ་བར་དང་ཞེན་ཆེ་བའི་འདུ་ཤེས་སྔར་བས་ཟབ་ཏུ་འགྲོ་བཞིན་ཡོད་པས། སྔོན་མ་དང་གཏན་ནས་མི་འདྲ་བར་ལྟོ་དུས་གསུམ་ལ་རྩམ་པ་ཁོ་ན་བཟས་ནས་མི་སྡོད་པར། ལྷད་མེད་ཀྱི་སྔོ་ལྗང་ཟས་རིགས་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན་ཞིང་ལས་ཁོ་ནར་མགོ་འཁོར་ནས་འཚོ་བ་འཁྱོལ་ཐབས་བྱས་ན་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་མང་དུ་འགྲོ་ཁག་པ་མ་ཟད། ང་ཚོའི་གྲོང་ཚོའི་ནང་ས་ཞིང་རྒྱ་ཆེ་བ་དང་ཆུ་འབེལ་བ་སོགས་རང་བྱུང་ཆ་རྐྱེན་ལེགས་པའི་ཁར་གོང་རིམ་ནས་ཀྱང་ཞིང་པའི་དྲོད་ཁང་འདེབས་འཛུགས་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་མང་པོ་ཞིག་དོན་འཁྱོལ་བྱེད་པ་སོགས་ཀྱི་མཐུན་རྐྱེན་བཟང་པོ་ཡོངས་སུ་འཛོམས་པས། ངས་བསམ་བློ་དྲུག་གསུམ་བཅོ་བརྒྱད་དང་བློ་རྩེ་ཉི་ཤུ་རྩ་ལྔ་བསྐོར་རྗེས་སྔོ་ཚལ་དྲོད་ཁང་རྒྱ་ཆེར་བཏང་ནས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོར་འགྱུར་བ་བྱས་ཏེ་ཕྱུག་པོའི་ལམ་བཟང་གཏོད་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བརྗོད། གཞིས་རྩེ་གྲོང་ཁྱེར་དང་། དེ་བཞིན་ལྷ་རྩེ་རྫོང་དང་ཆུ་ཤར་གྲོང་རྡལ་གྱིས་སྔ་ཕྱི་བར་གསུམ་དུ་མཐུན་སྦྱོར་གཞོགས་འདེགས་དང་རོགས་རམ་གང་མང་བྱས་པ་བརྒྱུད། ས་གནས་དེ་གར་སྐད་གྲགས་གང་ཙམ་ཡོད་པའི་བསོད་ནམས་ཕུན་ཚོགས་ཀྱི་གཅུང་མོ་ཚེ་དབང་ཆོས་སྒྲོན་གྱིས་ཉིན་ཞག་འཁོར་མོ་ཉིད་དུ་རྫོང་སྲིད་གཞུང་དང་རྫོང་གྲོང་ནང་གི་སློབ་གྲྭ་ཁག་དང་། དེ་བཞིན་ཉེ་འཁོར་གྱི་ཤང་ཁག་ལ་ལོ་རེར་ལྷད་མེད་སྔོ་ཚལ་རྒྱ་མ་5000ཙམ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ཕུད། དེ་བྱིངས་ཀྱི་སྔོ་ཚལ་ལྷག་མ་རྣམས་འཁོར་གསུམ་སྦག་སྦག་བཏང་ནས་ཞིང་ཞོར་ཁྲོམ་རར་འཚོང་བར་འགྲོ་གི་ཡོད། ལྷག་དོན་དུ་སྔོ་ཚལ་གྱི་སྤུས་ཚད་ལ་འགན་ལེན་ཡོད་པ་དང་རྫས་ལུད་སོགས་གང་ཡང་བརྒྱབ་མེད་པས་ལྷ་རྩེ་རྫོང་གྲོང་གི་ཟ་ཁང་ཁག་གི་སྦྱིན་བདག་མི་ཉུང་བ་ཞིག་གིས་ཐད་ཀར་ཁོ་མོ་དང་འབྲེལ་བ་བྱས་ནས་སྔོ་ཚལ་མངགས་ཉོ་བྱེད་ཀྱི་ཡོད། ངས་ཚོད་རྩིས་རགས་ཙམ་བྱས་ན། སྔོ་ཚལ་བཙོངས་པར་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་200ཙམ་ཟིན་གྱི་འདུག་ཅེས་དགའ་སྤྲོའི་ངང་བརྗོད་བྱུང་།

    སྲིད་ཇུས་བཟང་པོ་དུས་ཐོག་བབས་པའི་སྦྲང་ཆར་འདྲ།

    ས་མཐོའི་གྲོང་ཚོ་ཆུང་ཆུང་འདིར་སྒྱུར་བཅོས་སྒོ་དབྱེའི་དུས་ཐོག་ཆར་ཆུ་བབས་པའི་སྐལ་བཟང་རྫོགས་ལྡན་གྱི་ཉིན་དེ་ནས་བཟུང་། མི་རྣམས་ཀྱི་ལག་པར་ས་ཞིང་དང་ནོར་ལུག་སོགས་ཐོན་སྐྱེད་རྒྱུ་ཆ་རག་པ་མ་ཟད། བསམ་བློར་བཅིངས་འགྲོལ་ཐོབ་པས། ཁོང་ཚོས་རང་སོ་སོའི་ལག་གཉིས་དང་བློ་རིག་ལ་བརྟེན་ནས་ཚ་ཚ་འུར་འུར་ངང་ཁྱིམ་ཚང་གི་འཚོ་བའི་གནས་བབ་ལེགས་སུ་གཏོང་འགོ་བརྩམས།

    དེ་སྔོན་འབྲུ་རིགས་ཁོ་ན་བཏབ་ནས་ཁྱིམ་ཚང་གི་ལྟོ་གོས་འཕྱིད་ཐབས་བྱེད་དུས་འཚོ་བའི་གང་ས་ཅི་ཐད་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད་པས། བསོད་ནམས་ཕུན་ཚོགས་ཀྱང་ཆུ་ཤར་གྲོང་ཚོའི་མང་ཚོགས་གཞན་དང་འདྲ་བར་ལྷ་རྩེ་རྫོང་སྲིད་གཞུང་དང་རྫོང་ཞིང་འབྲོག་ཚན་རྩལ་ཅུས་སོགས་འབྲེལ་ཡོད་གོང་རིམ་སྡེ་ཚན་གྱི་སྐུལ་སློང་དང་རྒྱབ་སྐྱོར་གང་མང་བྱེད་པའི་གོ་སྐབས་དང་བསྟུན་ནས་2002ལོར་ཁོང་གིས་གོང་རིམ་སྡེ་ཚན་གྱི་བཀའ་དང་དུ་བླངས་ཏེ་སྔོ་ཚལ་དྲོད་ཁང་གསར་རྒྱག་གི་རྣམ་གྲངས་ལག་བསྟར་བྱས་ཤིང་། སྐབས་དེ་དུས་ས་ཕག་དང་ངལ་ནུས་སོ་སོས་བཏང་བ་ཕུད། དེ་མིན་ལྕགས་དང་འགྱིག་ཤོག ཚལ་སོན་སོགས་གོང་རིམ་སྡེ་ཚན་ནས་རིན་མེད་ངང་སྤྲད། ལོ་དེར་ཁོང་གིས་རང་ཁྱིམ་མདུན་གྱི་ས་ཞིང་ནང་སྔོ་ཚལ་དྲོད་ཁང་1བརྒྱབ་པས་ཆུ་ཤར་གྲོང་རྡལ་དུ་སྔོ་ཚལ་འདེབས་འཛུགས་ཀྱི་ལས་ཀ་བྱེད་མཁན་ཐོག་མ་དེར་གྱུར། ལས་ཀ་གང་ཞིག་ཡིན་རུང་དང་ཐོག་འགོ་འཛུགས་དུས་རྒན་མོ་སོ་མེད་ཀྱིས་ཕྱུར་སྐམ་མུར་བ་ཞེས་པའི་དཔེ་ལྟར་བསམ་ཚོད་ཀྱི་འབྲས་བུ་བཟང་པོ་ཞིག་གཏན་ནས་མ་ཐོབ། སྐབས་དེ་དུས་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་སྣ་གཅིག་ཀྱང་མི་ཤེས་པའི་ཁར། རྨོངས་ཚོད་ཀྱིས་དྲོད་ཁང་ནང་ས་སློག་མ་ཐག་ཚལ་འདེབས་པ་དང་རྫས་ལུད་སྣ་ཚོགས་རྒྱག་པV་སོགས་ཚན་རིག་དང་ཡོངས་སུ་མ་མཐུན་པར་ཚལ་འདེབས་ཀྱི་ཡོད་པས། སྔོ་ཚལ་ལ་འབུ་བརྒྱབ་ནས་དཔལ་འབྱོར་གྱི་གྱོང་གུན་ཕོག་པའི་ཁར། ཕ་མ་གཉིས་པོས་དྲོད་ཁང་གཉེར་སྐྱོང་གི་ལས་ཀར་ངོ་རྒོལ་ཡང་བྱེད་མྱོང་ཡོད། ཡིན་ནའང་ཁོང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་ཚལ་འདེབས་པའི་ལམ་དུ་མུ་མཐུད་ཞུགས་རྒྱུའི་དད་སེམས་བརྟན་པོ་གཏན་ནས་དོར་མྱོང་མེད། ཚལ་འདེབས་ཞིང་པས་ལག་རྩལ་ཁོང་དུ་མ་ཆུད་པར་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་མ་ཐོན་པའི་གནས་ཚུལ་འོག 2008ལོར་རྫོང་ཞིང་འབྲོག་ཚན་རྩལ་ལས་ཁུངས་དང་ཆུ་ཤར་གྲོང་རྡལ་གྱིས་ཁྱོན་ཚལ་འདེབས་ཞིང་པ་14སྒྲིག་འཛུགས་བྱས་ཏེ་ལྷ་ས་ཞིང་འབྲོག་ཅུས་སུ་ཞིང་པའི་ཚལ་འདེབས་ལག་རྩལ་གྱི་གསོ་སྦྱོང་ལ་ཞུགས་སུ་བཅུག སྦྱོང་བརྡར་བྱེད་རིང་། གོང་རིམ་གྱི་འབྲེལ་ཡོད་སྡེ་ཚན་ནས་སྡོད་ཁང་མཁོ་འདོན་བྱས་པ་མ་ཟད། ལྟོ་ཆས་སོགས་རིན་མེད་ངང་སྤྲད་པ་རེད། དེས་མ་ཚད། 2010ལོ་དང་2016ལོར་སྔ་རྗེས་སུ་ལྷ་ས་ཞིང་འབྲོག་ཅུས་སུ་དྲོད་ཁང་ལག་རྩལ་གྱི་གསོ་སྦྱོང་ལ་ཞུགས་རིང་ཚལ་འདེབས་སྟངས་དང་། ལུད་རྒྱག་སྟངས། རྩྭ་ངན་འགོག་ཐབས་སོགས་ཀྱི་ལག་རྩལ་གཏིང་ཟབ་པོ་སྦྱངས་ཡོད་པ་རེད།

    གསར་འགོད་པ། ཁྱེད་རང་སྔ་རྗེས་སུ་གསོ་སྦྱོང་ཁག་མི་འདྲ་བ་གསུམ་ཙམ་ལ་ཞུགས་རྗེས་ཕན་ཐོགས་ཆེ་ཤོས་གང་བྱུང་མིན་སྐོར་གསུངས་རོགས།

    བསོད་ནམས་ཕུན་ཚོགས། སྔོན་ཆད་ལག་རྩལ་སྣ་གཅིག་ཀྱང་མི་ཤེས་པའི་དབང་གིས་དཔལ་འབྱོར་ཡོང་འབབ་ཡོང་རྒྱུ་ཕར་བཞགརང་ཉིད་ནི་ལུ་གུ་ཐང་དུ་ལུས་པ་ལྟར་ག་བྱེད་འདི་བྱེད་མེད་པར་གྱུར་ནས་སེམས་ཤུགས་ཡོངས་སུ་ཉམས་སོང་། འ་ཆད་འུ་ཐུག་གི་སྐབས་སུ་སྟབས་ལེགས་པར་ལྷ་རྩེ་རྫོང་སྲིད་གཞུང་དང་གོང་རིམ་འགོ་ཁྲིད་ཀྱི་བླ་མེད་རྒྱབ་སྐྱོར་འོག་ཞིང་པའི་སྔོ་ཚལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་ནང་ཞུགས་རྒྱུའི་གོ་སྐབས་བཟང་པོ་བྱུང་། ད་ཆ་དྲོད་ཁང་ནང་ས་སློག་ནས་ཉིན་ཤས་སོང་རྗེས་མ་གཏོགས་སྔོ་ཚལ་འདེབས་མི་རུང་བ་དང་སྔོ་ཚལ་སྡེབ་སྦྱོར་བྱེད་སྟངས་སོགས་ཀྱི་ལག་རྩལ་ཁོང་དུ་ཡག་པོ་ཆུད་སོང་། ལྷག་པར་དུ་སྔོ་ཚལ་སོས་པོ་ཡོང་བ་དང་བྲོ་བ་མི་ཉམས་པ་བྱ་ཆེད་ལུག་གི་རིལ་མ་སོགས་ཁྱིམ་ལུད་ཁོ་ན་རྒྱག་པ་ལས་ཞིང་སྨན་སོགས་རྩ་བ་ནས་རྒྱག་གི་མེད་པས། ང་ཚོའི་གྲོང་ཚོ་ཙམ་མ་ཟད་ཉེ་འཁོར་གྲོང་ཚོའི་ཞིང་པ་དང་ལྷ་རྩེ་རྫོང་གི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ད་ཆ་ངའི་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སོང་། འོན་ཀྱང་རང་ཉིད་ཀྱིས་དེར་བློ་ཡིད་ཚིམས་ནས་མ་བསྡད་པར་གྲོང་ཚོའི་ནང་གི་མང་ཚོགས་སྒྲིག་འཛུགས་བྱས་ནས་ཕྱུག་པོའི་ལམ་དུ་འཁྲིད་རྒྱུ་ཡིན།

    བསོད་ནམས་ཕུན་ཚོགས་ཀྱིས་སྔོ་ཚལ་བཙོངས་ནས་ཡོང་འབབ་ཇེ་མང་དུ་སོང་བ་དང་སྦྲགས། 2006ལོར་རྫོང་ཞིང་འབྲོག་ཅུས་ནས་སྔོ་ཚལ་རྣམ་གྲངས་དོན་འཁྱོལ་བྱེད་སྐབས་དྲོད་ཁང་5བར་རྒྱ་སྐྱེད་བཏང་བ་ཡིན། ལྷག་པར་དུ་སྔོ་ཚལ་བྲིན་ཁ་རྒྱུག་པ་དང་ཁྲོམ་རར་འདང་ངེས་བཞིན་མཁོ་འདོན་བྱ་ཆེད། 2012ལོར་དྲོད་ཁང་8གསར་དུ་བསྐྲུན་པ་ཡིན། དྲོད་ཁང་མང་དུ་སོང་བ་དང་བསྟུན་ནས་ཉིན་གཅིག་ལ་དྲོད་ཁང་ནང་ཡུར་མ་རྒྱག་པ་དང་། ལུད་རྒྱག་པ། རྩྭ་ངན་འཐུ་བ་སོགས་བྱེད་པར་ཐེངས་བཞི་ལྔ་ཙམ་འགྲོ་དགོས་དུས་དཀའ་ལས་ཧ་ཅང་ཆེན་པོ་འདུག ད་བར་སྔོ་ཚལ་དྲོད་ཁང་གཉེར་སྐྱོང་ཡག་པོ་བྱ་རྒྱུའི་སེམས་ཤུགས་ཆག་མྱོང་མེད་ཅེས་བརྗོད་བྱུང་།

    ས་ཞིང་ནི་ཞིང་པའི་ཆགས་ས་རྟེན་ས་གཅིག་པུ་དེ་ཡིན། བསོད་ནམས་ཕུན་ཚོགས་ཀྱིས་ཏང་གི་དམངས་ཕྱུག་ཞིང་དར་གྱི་སྲིད་ཇུས་བཟང་པོ་དང་ཕྱོགས་གང་ས་ཅི་ཐད་ཀྱི་མཐུན་རྐྱེན་བཟང་པོར་བརྟེན་ནས་ས་ཞིང་འདེབས་ཞོར་དུ་སྔོ་ཚལ་འདེབས་འཛུགས་ཀྱི་ལས་ལ་གཞོལ་ནས་ཕྱུག་པོའི་ལམ་དུ་བསྐྱོད་རྗེས། ཆུ་ཤར་གྲོང་ཚོའི་མང་ཚོགས་རྣམས་ནམ་ཡང་མི་བརྗེད་པར་ཁོང་ཚོར་དྲོད་ཁང་གཉེར་སྐྱོང་གི་ལག་རྩལ་དང་ཚལ་འདེབས་སྟངས་སོགས་བསླབས་པ་དང་། ཚལ་སོན་དང་སྔོ་ཚལ་རིན་མེད་ངང་མཁོ་འདོན་བྱེད་པ་མ་ཟད། ནུས་པས་ལྕོགས་ཚོད་ཀྱིས་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད་པ་དཔེར་ན། ཆུ་ཤར་གྲོང་ཚོའི་རྨོ་བོ་གཡུ་སྒྲོན་གྱི་བཟའ་ཟླ་སྔ་ས་ནས་གྲོངས་པ་དང་ཁོང་ལ་བུ་མོ་གཅིག་ཡོད་པ་དེའི་མིག་ལོང་བ་ཡིན་པས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་དུས་བསོད་ནམས་ཕུན་ཚོགས་ཀྱིས་མ་སྐུལ་དང་བླངས་ངང་དུས་དང་རྣམ་པ་ཀུན་ཏུ་ནུས་པས་ལྕོགས་ཚོད་ཀྱིས་རོགས་སྐྱོར་བྱེད་བཞིན་ཡོད།

    ཏང་གི་དམངས་ཕྱུག་སྲིད་ཇུས་བཟང་པོའི་འོག ད་ཆ་བསོད་ནམས་ཕུན་ཚོགས་ཁྱིམ་གྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་བསམ་ཚོད་ལས་འདས་པའི་འགྱུར་ལྡོག་ཆེན་པོ་བྱུང་ནས་དཀའ་ངལ་གང་ཡང་མེད་པ་དང་། ཕ་རྒན་བློ་གསལ་ལ་ལོ་གཅིག་ལ་རྒན་གསོའི་འགན་བཅོལ་དངུལ་སྒོར་1600ལེན་རྒྱུ་ཡོད་པ་མ་ཟད། ད་དུང་གཏན་འཇགས་ཀྱི་རྒྱུ་ནོར་དང་བཅོལ་དངུལ་ཡང་མི་ཉུང་བ་ཞིག་ཡོད། སླད་ཕྱིན་གྱི་འདུན་པ་ཆེ་ཤོས་ནི་བུ་མོ་སློབ་མཐར་ཕྱིན་རྗེས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་ནས་རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་ཆེད་རང་ནུས་གང་ཡོད་འདོན་ཐུབ་པ་དང་། ཆུ་ཤར་གྲོང་ཚོའི་མང་ཚོགས་རྣམས་རང་ཉིད་དང་འདྲ་བར་སོ་སོའི་ལག་གཉིས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་རྒྱུའི་རེ་བ་ཆེན་པོ་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།