དབུ་ཤོག>ཞིང་འབྲོག་གསར་པ།
  • དབུལ་སྐྱོར་ལམ་སྣེ་ཁྲིད་མཁན་། གྲོང་ཚོའི་མིག་དཔེ་བཟང་པོ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-22

    མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གི་དབང་འདུས་སྐོར་གླེང་སྐབས། ཡུལ་མི་ཚོས་མཐེ་བོང་སྒྲེང་ནས་མི་བསྟོད་མཁན་གཅིག་ཀྱང་མེད། ལོ་བཅུ་ལྷག་གི་རིང་དབང་འདུས་ཀྱིས་རང་ཉིད་ཕྱུག་པོ་ཆགས་ཀྱང་ཡུལ་མི་ཚོ་མི་བརྗེད་པར་ཐོག་མཐའ་བར་གསུམ་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་ཡུལ་མི་ཚོའི་དབུལ་སྒྲོལ་ལམ་བུའི་ཐོག་གི་ལམ་སྟོན་པ་དང་ལམ་རྡོ་འདིང་མཁན་ཞིག་བྱེད་ཀྱི་ཡོད།

    ད་ཆ་རྒྱ་ཟོག་སྡེབ་སིལ་ཚོང་ཁང་ཁ་ཤས་ཡོད་པའི་དབང་འདུས་ཀྱང་སྔོན་མ་དབུལ་པོ་ཞིག་ནས་རིམ་གྱིས་ཕྱུག་པོར་གྱུར་ཅིང་ཞིང་ལས་དང་། གླ་པ། སྐྱེལ་འདྲེན། སིལ་ཚོང་ཁང་སོགས་ལས་ཀ་སྣ་ཚོཌ་བྱེད་མྱོང་བས་དཀའ་ངལ་ལ་གཏན་ནས་སྐྲག་མྱོང་མེད། ལོ་20ལྷག་གི་འཕེལ་རྒྱས་བརྒྱུད་ཁོང་གིས་གཉེར་བའི་རྒྱ་ཟོག་སྡེབ་སིལ་ཚོང་ཁང་གི་རྒྱུ་ནོར་གཞི་ཁྱོན་སྔ་ས་ནས་སྒོར་ཁྲི་1000ལས་བརྒལ་ཡོད་པ་རེད།

    ཚོང་རྒྱག་ཐབས་ཀྱི་ཉམས་མྱོང་སྐོར་གླེང་སྐབས། དབང་འདུས་ཀྱིས་སྤོབས་པ་ཆེན་པོས“སྐབས་དེར་ཚོང་ཟོག་སྡེབ་འཚོང་དང་སིལ་འཚོང་གི་ཁེ་སྤོགས་མཐོ་པོ་ཡོད་ལ། ཁྲོམ་རའི་འགྲན་རྩོད་ཀྱང་ཆེན་པོ་ཡོད། འོན་ཀྱང་ཚོང་ཟོག་རང་ཉིད་ཀྱིས་དབོར་འདྲེན་བྱས་ནས་དངོས་ཟོག་གི་མ་གནས་དམའ་བའི་ལེགས་ཆ་སྤྱད་དེ་ཚོང་ཟོག་གི་རིན་གོང་བཅག་པ་དང་ཁེ་ཆུང་བྲིན་མང་གི་བྱ་ཐབས་སྤྱད་པར་བརྟེན་ཁྲོམ་རའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་མགྱོགས་མྱུར་ཐོབ་བྱུང་ལ། གཉེར་སྐྱོང་གི་གཞི་ཁྱོན་ཡང་ཉིན་བཞིན་ཆེ་རུ་ཕྱིན་སོང”ཞེས་བཤད།

    ཕྱུག་པོ་ཆགས་རྗེས་ཀྱི་དབང་འདུས་ཀྱིས་ཡུལ་མི་དབུལ་པོ་རྣམས་མ་བརྗེད་པར་ལོ་20ལྷག་རིང་ཐོག་མཐའ་བར་གསུམ་དུ་དབུལ་ཕོངས་དུད་ཚང་དང་སློབ་གྲྭའི་ལས་བཟོ་བའི་དཀའ་ངལ་སེལ་རོགས་བྱས་པ་རེད།

    མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དུ་དབང་འདུས་ཀྱིས་ལོ་20གཉེར་སྐྱོང་བྱས་པའི་བརྒྱ་ཟོག་ཚོང་ཁང་ཞིག་ཡོད་པ་དང་། ཚོང་ཁང་གི་སྦྱིན་བདག་བཅོ་ལྔ་ཚེ་རིང་གིས་དབང་འདུས་ཀྱི་སྐོར་གླེང་སྐབས། ཁོང་ལ་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་སྐད་ཆ་ནས་མཚོན་ཐབས་བྲལ། བཅོ་ལྔ་ཚེ་རིང་གིས“ལོ་20གོང་དུ་ང་ནི་གང་ཡང་མ་ཤེས་པའི་ཕྲུ་གུ་ཞིག་ཡིན། དབང་འདུས་ཀྱིས་གཅེན་པོ་ལྟར་ང་ལ་ལྟ་སྐྱོང་བྱས་ཏེ། ང་ལ་ཚོང་རྒྱག་སྟངས་བསླབས་པ་མ་ཟད། ཤེས་བྱ་བསླབས་པའི་ཁར་མི་གང་འདྲ་ཞིག་བྱེད་དགོས་མིན་ཡང་བསླབས་བྱུང་། ད་ཆ་ང་ཚོང་ཁང་གི་སྦྱིན་བདག་ལ་གྱུར་པ་དང་གང་འདྲ་བྱས་ནས་ཚོང་དེ་བས་ཡག་པ་རྒྱག་དགོས་མིན་ཡང་ཤེས་པས་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་སོང”ཞེས་བཤད་བྱུང་།

    དབང་འདུས་ཀྱིས“ངས་ལོ་ལྟར་སྒོར་ཁྲི་10བཏོན་ནས་སློབ་ཆེན་སློབ་མ་དབུལ་པོར་རོགས་རམ་བྱེད་ཀྱི་ཡོད། སྦྱངས་འབྲས་ལེཌ་པ་དང་འཚོ་བ་སྐྱོ་བའི་སློབ་ཕྲུག་ཁག་གཅིག་པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ་སོགས་ནང་སའི་དར་རྒྱས་ཆེ་བའི་གྲོང་ཁྱེར་དུ་སློབ་སྦྱོང་དང་ལྟ་སྐོར་བྱེད་པར་ཁྲིད་ནས་ཁོང་ཚོའི་མིག་རྒྱང་ཆེ་རུ་གཏོང་གི་ཡོད”ཅེས་བཤད།

    ལས་གཏོད་ཐད་མ་དངུལ་མི་འདང་བའི་སྐབས་སུ། དབང་འདུས་ཀྱིས་སྐྱེད་མེད་དངུལ་བུན་གཡར་བའམ་ཡང་ན་དངུལ་བུན་རེ་ཞུ་བྱེད་པ་དང་། ཕ་ཡུལ་དུ་ལས་ཞུགས་བྱེད་འདོད་མཁན་ཚོང་ཁང་གི་ལས་མིར་བསྡུ་བ། སྡོད་ཁང་མེད་པར་སྡོད་ཁང་གསར་པ་རྒྱག་རོགས་དང་རྒྱུ་ཆ་མཁོ་འདོན་བྱེད་ཀྱི་ཡོད། ལོ་མང་རིང་། དབང་འདུས་ཀྱིས“དབུལ་པོར་གྱུར་རྐྱེན་མི་འདྲ་བས། ཚང་མར་གང་མཁོ་ན་དེ་མཁོ་འདོན་བྱ་རྒྱུ”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་དུད་ཚང་དབུལ་པོའི་དཀའ་ངལ་སེལ་གྱི་ཡོད། གཞན་ཡང་། དབང་འདུས་ཀྱིས་སྔ་རྗེས་སུ་རྒྱ་མ་འཕྲོད་བསྟེན་ཁང་དང་རྨམ་པ་ཤང་བ་ར་ཁ་གྲོང་ཚོར་ཞལ་འདེབས་བརྒྱབ་སྟེ་འཕྲོད་བསྟེན་ཁང་གི་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་རོགས་དང་བ་ར་ཁ་གྲོང་ཚོའི་དཔལ་འབྱོར་དངོས་ཚན་གཉེར་རོགས་བྱས་པ་རེད།

    དབང་འདུས་ཀྱིས“ང་ལ་གཞན་གྱིས་དྲིན་ལན་འཇལ་རྒྱུའི་རེ་བ་བྱེད་ཀྱི་མེད། ཡུལ་མི་ཚོ་ཕྱུག་པོའི་ལམ་དུ་ཁྲིད་ཐུབ་ན། ང་རྦད་དེ་བློ་ཡིད་ཚིམས་སོང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།