
འདི་ནི་ཟངས་རི་རྫོང་ཟངས་རི་གྲོང་རྡལ་ཞོལ་པ་གྲོང་ཚོའི་གྲོང་མིས་བཞོན་མར་གཟན་ཆག་སྟེར་བའི་གནས་ཚུལ་ཡིན་པ།
“གྲོང་ཚོར་མཉམ་ལས་ཁང་བཙུགས་པ་ནས་བཟུང་གྲོང་མིར་ཟླ་རེར་གླ་ཆ་ལེན་རྒྱུ་ཡོད་པ་མ་ཟད་ལོ་མཇུག་ཏུ་ད་དུང་ཡོང་འབབ་བགོ་བཤའ་རྒྱག་རྒྱུ་ཡོད་པས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་སོང”ཞེས་ཟངས་རི་རྫོང་དག་པོ་རྡོ་ཁོག་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིའི་གྲས་ཤིག་ཡིན་པའི་ཆོས་གྲགས་ཀྱིས་སྤོབས་སེམས་ཆེན་པོས་བཤད། ཁོང་གིས་རྡོ་ཁོག་བཟོ་ཞོར་དུ་གསར་འགོད་པར“ཁྱད་ལྡན་ཐོན་ལས་ཀྱིས་ངའི་ཁྱིམ་གྱི་ལས་དབང་ལ་འགྱུར་ལྡོག་ཕྱིན་པ་དང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད”ཅེས་བཤད།
དག་པོ་གྲོང་ཚོར་འགྱུར་ལྡོག་བྱུང་བ་ནི་ཟངས་རི་རྫོང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་བསྡུས་རིས་ཙམ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྫོང་དེས་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་ལམ་བུའི་ཐོག་བསྐྱོད་པ་རེད།
“ཤང་རེར་བྱེད་ཐབས་རེ་སྤྱོད་པའི”ཁྱད་ཆོས་མངོན་གསལ་དོད་དུ་ཕྱིན་པ།
ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་གིས་ཤང་དང་གྲོང་རྡལ་ཁག་གི་ཁྱད་ཆོས་དང་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་ཐོན་ལས་རྣམ་གྲངས་འཆར་འགོད་དང“ཤང་རེར་བྱེད་ཐབས་རེ་སྤྱོད་པར”བརྟེན་ནས“སྐུལ་འདེད་གཉིས་ཀྱི་ཐོན་ལས”ལ་རྒྱབ་སྐྱོར་བྱས་པ་བརྒྱུད་རྫོང་ཡོངས་ཀྱི་མཉམ་ལས་ཁང་58ཁྲོད་ནས་རང་ངོས་ཀྱི་རྨང་གཞི་ལེགས་པ་དང་། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པ། སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་མཉམ་ལས་ཁང་དང་གྲོང་ཚོའི་མཉམ་སྡེབ་17བདམས་ཏེ“ཐོན་ལས་དུད་ཚང་དུ་འཁྱོལ་བ་དང་། རྒྱབ་སྐྱོར་མི་ཐོག་ཏུ་འཁྱོལ་བ། དུད་ཚང་རེར་བྱེད་ཐབས་རེ་སྤྱོད་པའི”གནད་སྨིན་དབུལ་སྐྱོར་གྱི་འདུ་ཤེས་ལ་གཞིགས་ནས་སྤོས་ལས་སྣོན་དང་། བཞོན་མ་གསོ་ཚགས། ཞིང་འབྲོག་ཐོན་རྫས་ལས་སྣོན་སོགས་ས་གནས་དེ་གའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི“མྱུར་འགྲུབ”ཀྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད།
ཟངས་རི་རྫོང་དག་པོ་རྡོ་ཁོག་ཆེད་ལས་མཉམ་ལས་ཁང་ནི་དེའི་ཁྲོད་ཀྱི་འབུར་དུ་ཐོན་པ་ཞིག་རེད། མིག་སྔར་མཉམ་ལས་ཁང་དེས་དག་པོ་རྡོ་ཁོག་གི་ཚོང་རྟགས་ཐོ་འགོད་བྱས་ནས་རྡོ་ཁོག་ལས་སྣོན་བཟོ་གྲྭ་བཙུགས་པ་དང་ཆབས་ཅིག་དག་པོ་རྡོ་ཁོག་གི་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གདན་དྲངས་ནས་དུད་ཚང་དབུལ་པོར་རྡོ་ཁོག་བཟོ་རྩལ་གསོ་སྦྱོང་བྱས་ཏེ་མང་ཚོགས་དབུལ་པོ་10ལས་ཞུགས་ཕྱུག་འགྱུར་ཐུབ་རྒྱུར་རོགས་རམ་བྱས་པ་རེད།
རྒུན་འབྲུམ་ཆུང་ཆུང་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།
2011ལོའི་ཟླ་5པར་ཟངས་རི་རྫོང་གིས་ཟངས་རི་གྲོང་རྡལ་མཐར་མ་གྲོང་ཚོའི་རྒུན་འབྲུམ་འདེབས་འཛུགས་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་ནས་རྒུན་འབྲུམ་མུའུ་14ཚོད་འདེབས་བྱས་ཡོད། 2014ལོར་ཚོད་འདེབས་ལེགས་གྲུབ་བྱུང་རྗེས་སྔར་ཡོད་ཀྱི་རྒུན་འབྲུམ་ཚོད་འདེབས་ཁུལ་གྱི་རྨང་གཞིའི་ཐོག་དངུལ་སྒོར་ཁྲི་650བཏང་ནས་མུའུ་614ཟིན་པའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་དང་དེ་བཞིན་ལེ་ལག་ཚང་བའི་སྒྲིག་བཀོད་བསྐྲུན་ཡོད་པ་རེད།
ཟངས་རི་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཟླ་བ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཟངས་རི་རྫོང་གིས“ལྗང་མདོག་རྒུན་འབྲུམ”འཕེལ་རྒྱས་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས“རྟེན་གཞི་དང་ཞིང་དུད་ཟུང་དུ་སྦྲེལ་བའི”དོ་དམ་བྱེད་སྟངས་ཁྱབ་གདལ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་རེད། ལོ་ལྟར་རིགས་གཅིག་མཁས་ཅན་གདན་དྲངས་ནས་རྒུན་འབྲུམ་འདེབས་འཛུགས་དང་། སྡོང་ཕྲུག་འདེབས་གསོ། ནད་དང་གནོད་འབུའི་གནོད་འཚེ་འགོག་བཅོས་སོགས་ཐད་ལག་རྩལ་གྱི་མཛུབ་ཁྲིད་བྱས་ནས་མང་ཚོགས་དབུལ་པོར་ལག་རྩལ་སྣེ་གཅིག་ཁོང་དུ་ཆུད་པ་བྱེད་པ་དང་། ལག་རྩལ་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་བཏང་བ། ལག་རྩལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱས་ཤིང་། མིག་སྔར་ཟངས་རི་རྫོང་དུ་རྒུན་འབྲུམ་འདེབས་ཁྱོན་མུའུ་1031དང་སྡོང་པོ་ཁྲི་10.269ཟིན་ཡོད་པ་རེད།
ཁྱད་ལྡན་གྱི་སྤུས་རྟགས་ཡག་པོ་བཏོད་ནས་ལམ་བུ་གསར་པ་བཏོད་པ།
ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་ལས་དོན་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་པོ་བྱས་ཏེ་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ལམ་སྲོལ་གསར་གཏོད་དང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
“སྤོས་ཆེད་ལས་མཉམ་ལས་ཁང་དུ་ལས་ཀ་བྱ་རྒྱུ་བྱུང་བས་ལག་ཤེས་ཤེས་པ་མ་ཟད་ཟླ་རེར་ད་དུང་ཡོང་འབབ་སྒོར་4000ཡོད་པས་དེ་སྔོན་ལས་ཡག་པ་ཡོད”ཟངས་རི་གྲོང་རྡལ་ཁྲི་ཁང་གྲོང་ཚོའི་གྲོང་མི་སྤེན་པའི་ཁྱིམ་ཚང་གིས་སྔོན་ཆད་ས་ཞིང་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་དཔལ་འབྱོར་གྱི་ཡོང་ཁུངས་གཞན་གང་ཡང་མེད། མཉམ་ལས་ཁང་དུ་ལས་ཀ་བྱས་རྗེས་ཁྱིམ་དུ་ནང་ཆས་གསར་པ་བསྒྲིགས་པ་མ་ཟད་ཁྱིམ་ཚང་གི་རྣམ་པའང་གསར་རྐྱང་དུ་གྱུར་ཡོད་པ་རེད། སྤེན་པས་གསར་འགོད་པར“འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་རེ་བ་ལྡན་པས་ཁྱིམ་གྱི་ཕྲུ་གུ་དང་རྒན་རྒོན་ཚོའི་གདོང་ནས་འཛུམ་མདངས་འཕྱུར་མང་དུ་ཕྱིན་སོང”ཞེས་བཤད།