དབུ་ཤོག>ཞིང་འབྲོག་གསར་པ།
  • ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་མྱུར་པོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-05

    ཉེ་བའི་ལོ་ཤས་རིང་། ལྗོངས་ཞིང་འབྲོག་ཐིང་གིས་ད་ཡོད་ཐོན་ཁུངས་གང་ལེགས་སྤྱད་པ་དང་སྦྲགས་བྱེད་ཐབས་སྣ་མང་སྤྱད་དེ་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བར་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་། གྲུབ་འབྲས་གཞན་སྒྱུར་རྟེན་གཞི་དམ་འཛིན་བྱ་གཞིར་བྱེད་པ། གླིང་ཁུལ་དཔེ་སྟོན་ལས་སྟེགས་སུ་བྱེད་པ། ལས་སྣོན་ཕྱིར་ཚོང་སྣེ་ཁྲིད་དུ་བྱེད་པ་བཅས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྣམ་པ་ཞིག་ཆགས་པ་རེད།

    ཞིང་འབྲོག་ལས་ལ་ཐོན་འཕར་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྔར་བས་སྐུལ་ཁྲིད་བྱ་ཆེད། རང་ལྗོངས་ཀྱིས་སོན་བཟང་མུའུ་ཁྲི་227ཁྱབ་གདལ་བཏང་བའི་ནང་བོད་ནས་ཨང་2000པ་དང་། ཧི་མ་ལ་ཡ་ཨང་22པ། ལྷོ་ཁའི་དགུན་གྲོ་ཨང་7པ། དགུན་ནས་ཨང་18པ་བཅས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཚད་མུའུ་ཁྲི་177.41ཟིན་པ་དང་། ཚོད་འདེབས་སྔོ་ཚལ་སྣ་ཁ་120ལྷག་ཙམ་ནང་འདྲེན་བྱས་པ། ཕྱུགས་ཟོག་གི་རྒྱུད་པ་ལེགས་བཅོས་ལ་སྐུལ་འདེད་བཏང་བ་དང་བ་གླང་ཁྲི་26དང་། གཡག་ཐུག་ཁྲི་0.74 ལུག་ཐུག་ཁྲི་2.79བཅས་རྒྱུད་བཟང་ཕྱུགས་ཟོག་ཁྲི་420ཡོད་པ། འབུ་སུ་ཧང་དང་། མ་རྨོས་ལོ་ཏོག ཡུག་པོ་སོགས་སྤུས་ལེགས་གཟན་རྩྭ་ཐོན་སྐྱེད་གོང་འཕེལ་བཏང་བ་དང་མི་ཐབས་གཟན་རྩྭ་གསོག་ཉར་རྒྱ་ཁྱོན་མུའུ་ཁྲི་149.28ཟིན་ནས་རང་ལྗོངས་ཀྱི་སོན་བཟང་དང་རྒྱུད་བཟང་ཁྱབ་གདལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    “རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དུ་དེང་རབས་ཀྱི་ཞིང་ལས་ཐོན་ལས་མ་ལག་ཁྲོད་ཀྱི་ཡུག་པོ་དང་ནས་ཀྱི་རིགས་གཅིག་མཁས་ཅན་གྱི་ལས་གནས་དང་། སྔོ་ཚལ་དང་། ཞོག་ཁོག གཟན་རྩྭ། ཁུལ་ལྡན་ར། བཤས་ཕྱུགས། ཤ་མོ། བྲ་བོ། པད་ཁ་སོགས་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་བསྐྲུན་པ་དང་། གཞིས་རྩེ་དང་། ཆབ་མདོ། ལྷོ་ཁ་བཅས་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་དུ་ཞིང་འབྲོག་ལས་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་བསྐྲུན་ནས་ཞིང་འབྲོག་ལས་ཚན་ཞིབ་དང་ཚོད་ལྟའི་དཔེ་སྟོན་རྟེན་གཞི་བཙུགས་ཡོད། ‘ཚན་ཞིབ་སློབ་གྲྭ་དང་། དཔེ་སྟོན་རྟེན་གཞི། ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག གཉེར་སྐྱོང་བྱེད་པོ་གསར་པ’བཅས་ཟུང་དུ་འབྲེལ་བའི་གྲུབ་འབྲས་ཅན་གྱི་དཔེ་དབྱིབས་འཚོལ་ཞིབ་བྱས་ཏེ་བཙུགས་པ་དང་གནད་སྨིན་ཁྱབ་གདལ་ཞབས་ཞུའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་ཞིང་འབྲོག་ལས་ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་གཞན་སྒྱུར་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད”ཅེས་ཞིང་འབྲོག་ཐིང་གི་ཐིང་ཀྲང་གཞོན་པ་བུ་ཆུང་ཚེ་རིང་གིས་ངོ་སྤྲོད་བྱས། མིག་སྔར་རང་ལྗོངས་སུ་ཞིང་ལས་སྐྱེ་དངོས་སོན་བཟང་ཁྱབ་ཚད་85%ཟིན་པ་དང་། ཞིང་ཁུལ་གཙོ་བོར་ཐོན་འབབ་ལེགས་པའི་སྐབས་སྔོ་ཚལ་མཁོ་འདོན་ཐུབ་ཚད་80%ཡན་ཟིན་པ། རྒྱུད་བཟང་ཕྱུགས་ཟོག་ཁྱབ་ཚད་22.7%ཟིན་པ་བཅས་རེད།

    2013ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་རྫོང་35རུ་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ཁ་གསབ་རྣམ་གྲངས་ལག་ལེན་བསྟར་བ་དང་། “རིགས་གཅིག་མཁས་ཅན་གྱིས་གནས་གཏན་འཁེལ་ངང་རྫོང་ལ་འབྲེལ་གཏུག་བྱེད་པ་དང་ཞིང་ལས་ལག་རྩལ་མི་སྣས་གྲོང་ཚོ་དང་དུད་ཚང་ལ་འབྲེལ་གཏུག་བྱེད་པའི”བྱེད་ཐབས་གཙོ་བོ་དང་ལས་ཀའི་ལམ་སྲོལ་དང“རིགས་གཅིག་མཁས་ཅན་དང་། ཞིང་ལས་ལག་རྩལ་མི་སྣ། ཚན་རྩལ་དཔེ་སྟོན་དུད་ཚང་། ཁྱབ་འགྱེད་སྐུལ་ཁྲིད་དུད་ཚང”བཅས་ཟུང་དུ་འབྲེལ་བའི་ལག་རྩལ་ཞབས་ཞུ་བྱེད་སྟངས་གསར་བཟོ་བྱས་པ། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཞིང་ལས་དཔེ་སྟོན་རྟེན་གཞིའི་དྲ་རྒྱ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། ཞིང་ལས་ཚན་རྩལ་དུད་ཚང་དུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་བ། ལག་རྩལ་གནད་ལ་འཁེལ་ཚད་མཐོ་རུ་བཏང་བ། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་གི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དཔེ་སྟོན་རྟེན་གཞི་དང་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ། ཚན་རྩལ་གསར་གཏོད་མ་ལག་དང་། གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་མ་ལག ལས་རིགས་གསར་པའི་ཞིང་འབྲོག་པ་གསོ་སྐྱོང་བཅས་འབྲེལ་མཐུད་ནུས་ལྡན་བྱས་པ། རང་ལྗོངས་ཀྱི་ཞིང་འབྲོག་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ། ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བས་ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་དང་། གཞན་སྒྱུར་བེད་སྤྱོད་ནུས་པ། ཁྱབ་གདལ་ཞབས་ཞུའི་ནུས་པ་བཅས་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།

    2016ལོར། ཐོན་མཐོ་གསར་གཏོད་དཔེ་སྟོན་བྱེད་སྒོ་སྤེལ་ཞིང་། རིམ་རྩིས་བྱས་ན། གསར་སྐྲུན་རྒྱ་ཁྱོན་མུའུ་ཁྲི་470ཟིན་པ་དང་རྣམ་གྲངས་ཁུལ་ལ་ཆ་སྙོམས་མུའུ་རེར་ཐོན་འཕར་10%ཡན་ཟིན་ཡོད། ས་དཔྱད་ལུད་སྦྱོར་ལག་རྩལ་ཁྱབ་གདལ་བཏང་བ་དང་འབྲུ་སྣུམ་ཐོན་ཆེའི་ལུད་སྦྱོར་དམིགས་ཚད་མ་ལག་བསྐྲུན་པར་རིམ་རྩིས་བརྒྱབ་ན། ས་དཔྱད་ལུད་སྦྱོར་རྒྱ་ཁྱོན་མུའུ་ཁྲི་296ཡན་ཟིན་པ་དང་མུའུ་རེར་ཆ་སྙོམས་དངུལ་སྒོར་50ཡན་གྲོན་ཆུང་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།