དབུ་ཤོག>ཞིང་འབྲོག་གསར་པ།
  • སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོས་རྩམ་པ་ལས་སྣོན་བཟོ་གྲྭ་བཙུགས་ཏེ་ནས་དཀར་པོའི་རྩམ་པའི་ཐོན་ལས་གོང་འཕེལ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2017-07-27

    སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོ་ནི་མངའ་རིས་ས་ཁུལ་གྱི་སྐད་གྲགས་ཡོད་པའི་རྩམ་པ་ཐོན་ཁུལ་ཞིག་རེད།  དེ་གའི་ནས་དཀར་པོའི་རྩམ་པ་ནི་འཇམ་ལ་བྲོ་བ་ཞིམ་པོ་ཡོད་པ་དང་མུའུ་རེའི་ནས་ཐོན་འབབ་རྒྱ་མ་བདུན་བརྒྱ་ཟིན་གྱི་ཡོད།  དུས་ཡུན་རིང་པོའི་ནང་ཐོན་བབ་མཐོ་བ་དང་སྤུས་ཚད་ལེགས་པའི་ནས་དཀར་པོའི་རྩམ་པ་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་མི་ཐུབ་པར་མང་ཚོགས་རང་ཉིད་ཀྱིས་ཐོན་སྐྱེད་དང་བྲིན་ཚོང་བྱས་པ་རེད།  སྤྱི་ལོ 2002 ལོ་ནས་བཟུང་ས་ཆ་དེ་གའི་སྲིད་གཞུང་དང་འབྲེལ་ཡོད་ཚན་པའི་རོགས་རམ་འོག་གྲོང་ཚོ་དེས་རྩམ་པ་ལས་སྣོན་བཟོ་གྲྭ་ཞིག་བཙུགས་ཏེ་ནས་དཀར་པོའི་རྩམ་པའི་ཐོན་ལས་གོང་འཕེལ་བཏང་བ་རེད།

    སྤྱི་ལོ 2002ལོར་རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱིས་མ་དངུལ་སྒོར་ཁྲི་ཚོ 10 བཏང་ནས་ཞི་བདེ་གྲོང་ཚོའི་རྩམ་པ་ལས་སྣོན་བཟོ་གྲྭ་བསྐྲུན་པ་དང་ཐོག་མར་གྲོང་གསེབ་ཀྱི་རྩམ་པ་འཐག་སའི་བཟོ་གྲྭ་ཆུང་ཆུང་ཞིག་ཡིན།  ཉེ་བའི་ལོའི་རིང་སྤུ་ཧྲེང་རྫོང་གིས་སྔ་ཕྱི་བསྡོམས་མ་དངུལ་སྒོར་ཁྲི་ཚོ 70 བཏང་ནས་བཟོ་གྲྭའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  ཞི་བདེའི་རྩམ་པ་དང་སྣུམ་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་པ་མ་ཟད་ཞི་བདེ་གྲོང་ཚོའི་རྩམ་པ་དཀར་པོ་ཞེས་པའི་ཚོང་རྟགས་ཀྱང་ཐོ་འགོད་བྱས་པ་རེད།  ལོ་བཅུ་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད།  སྤྱི་ལོ 2016 ལོར་ལས་སྣོན་བཟོ་གྲྭར་ཡོང་འབབ་སྒོར་ཁྲི་ཚོ 32བྱུང་ནས་གྲོང་ཚོ་དེའི་དུད་ཚང་ 141གི་གྲོང་མི 590 ལ་ཕན་པ་ཐོབ་པ་དང་།  དབུལ་ཕོངས་དུད་ཚང་41གི་གྲོང་མི 154དབུལ་གྲོལ་ཐུབ་ནས་ཞི་བདེ་གྲོང་ཚོ་ཡོངས་ཀྱི་དབུལ་གྲོལ་ལས་འགན་ལེགས་སྒྲུབ་ཟིན་པ་རེད།  ཞི་བདེའི་རྩམ་པ་བྲིན་ཁ་རྒྱུགས་པོ་ཡོད་པར་གཞིགས་ནས་སྤུ་ཧྲེང་རྫོང་གིས་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་ཆེར་ཧུར་ཐག་གཏོང་བ་དང་སྦྲགས།  ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་དང་ཐོན་འབབ་མང་དུ་བཏང་བ་རེད།

    སྤྱི་ལོ 2016 ལོར་སྤུ་ཧྲེང་རྫོང་གིས་མ་དངུལ་སྒོར་ཁྲི་ཚོ་15བཏང་ནས་སྤུ་ཧྲེང་གྲོང་རྡལ་གྱི་སྐྱིད་ཐང་དང་ཁྲི་སྡེ།  སྟོད་ཡུལ་བཅས་གྲོང་ཚོ་གསུམ་དུ་ནས་དཀར་མུའུ་དགུ་བརྒྱ་ཚོད་འདེབས་བྱས་པ་དང་ད་ལོ་སླར་ཡང་ནས་དཀར་མུའུ་སུམ་སྟོང་ཆིག་བརྒྱ་འདེབས་འཛུགས་རྒྱ་སྐྱེད་བཏང་ནས།  གྲོང་རྡལ་དེ་ཡོངས་ཀྱི་གྲོང་ཚོ་དྲུག་ནང་ནས་ལྔ་ཡིས་ནས་དཀར་པོ་བཏབ་པ་རེད།  ཞི་བདེའི་རྩམ་པ་ཐོན་རྫས་ཀྱི་སྐད་གྲགས་དང་ཞོར་ཐོན་རིན་ཐང་ཆེ་རུ་ཏན་ཏིག་གཏོང་ཆེད།  སྤུ་ཧྲེང་རྫོང་གི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས་ཞི་བདེའི་རྩམ་པ་ལས་སྣོན་བཟོ་གྲྭར་བརྟག་ཞིབ་ཐེངས་མང་གནང་བ་མ་ཟད།  བོད་སྐྱོར་མ་དངུལ་དང་དབུལ་སྐྱོར་གནད་འཕིགས་ཐོན་ལས་ཟུང་འབྲེལ་བྱས་ནས་མ་དངུལ་སྒོར་ཁྲི་ཚོ་800 བཏང་ནས་བཟོ་གྲྭ་ཁྱོན་ཡོངས་ནས་ལེགས་བཅོས་བཏང་བ་དང་ད་དུང་ནས་དཀར་ཏན་ཤིན་བག་ལེབ་དང་གྲོ་ཆག་སོགས་ཐོན་རྫས་བཏོན་ནས།  ཐོན་རྫས་སྣེ་ཁ་ཕུན་སུམ་ཚོགས་སུ་དང་ཞོར་ཐོན་རིན་ཐང་ཆེ་རུ་གཏོང་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།