དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-21

    ཉེ་དུས་གསར་འགོད་པར་ལྗོངས་ཞིང་ལས་འཕེལ་རྒྱས་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། 2016ལོར་རང་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་གྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་པར་ཞིང་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་མཐོ་རུ་བཏང་བ། ཞིང་ཕན་མ་དངུལ་ཁག་གཅིག་ཏུ་སྒྲིལ་བ། ཡུལ་བབ་དང་བསྟུན་ནས་ཕྱོགས་བསྡུས་བྱ་ཐབས་སྤྱོད་པ། ཕྱོགས་བསྡུས་བཅོས་སྒྲིག་བཅས་བྱས་ཏེ་ཐོན་འབབ་དམའ་འབྲིང་གི་ཞིང་ཁ་སྒྱུར་བཀོད་དང་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བར། ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ནི་ཞིང་ལས་དེང་རབས་ཅན་གྱི་རྨང་གཞི་ཡིན་པས་གྲོང་གསེབ་འཕེལ་རྒྱས་དང་། ཞིང་ལས་ཐོན་འཕར། ཞིང་འབྲོག་པར་འབབ་འཕར་བཅས་ཡོང་བར་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ལྡན་ཡོད། 2016ལོར་བོད་ལྗོངས་ཞིང་ལས་འཕེལ་རྒྱས་ཀྱི་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་4.5བཏང་བ་རེད། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་འབྲེལ་བ་ཡོད་པའི་རྫོང་33གྱིས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆ་མུའུ་ཁྲི་17.16བཅོས་སྒྲིག་བྱས་པ་བརྒྱུད་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་ཡོད་པ་རེད།

    ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཞིང་། རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་13.21མང་དུ་དང་ལེགས་གཏོང་བྱས་པ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་འབྲུ་རིགས་སྤྱི་རྒྱ་ཁྲི་729.08གསར་འཕར་བྱུང་སྟེ་རྣམ་གྲངས་ཁུལ་ནས་ལོར་ཐད་ཀར་དུད་ཚང་12573དང་མི་56884ལ་ཁེ་ཕན་ཐོབ་པ་དང་རྣམ་གྲངས་ཁུལ་ནས་ཐད་ཀར་ཕན་པ་ཐོབ་མཁན་ཞིང་འབྲོག་པར་ལོར་ཡོང་འབབ་གཙང་མ་བསྡོམས་སྒོར་ཁྲི་4033.29འཕར་ནས་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་700ཙམ་བྱུང་ཡོད་པ་རེད།

    ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་ཚད་དང་ལེགས་སྐྱེས་འབུལ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཞིང་། ཞིང་ནང་སྐྱེ་དངོས་སོན་བཟང་ཁྱབ་ཚད་ཀྱི་རྒྱ་ཁྱོན་དེ་གསར་སྤེལ་གོང་གི་60%ནས་གསར་སྤེལ་རྗེས་ཀྱི་100%ཟིན་པ་དང་། ཞིང་ལས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་བྱེད་ཚད་30%ནས་65%བར་འཕར་ཡོད། ཚན་རྩལ་ཁྱབ་གདལ་ལམ་སྲོལ་སྔར་བས་གསར་གཏོད་བྱས་ནས་ཞིང་ལས་ཚན་རྩལ་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ཡོད། ཞིང་འབྲོག་པའི་ལག་རྩལ་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། རིམ་ཁག་དང་རིགས་ཁག་གི་གསོ་སྦྱོང་མི་ཐེངས་ཁྲི་1.524བྱས་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་དང་ཞིང་འབྲོག་ལས་ལག་རྩལ་འཇོན་ཐང་ཅན་ཁག་གཅིག་གསོ་སྐྱོང་བྱས་ཏེ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་སླད་ནུས་པ་ཤུགས་ཆེན་འདོན་སྤེལ་བྱས་ཡོད་པ་རེད།

    དཔལ་འབྱོར་དང་སྤྱི་ཚོགས་དང་སྣོད་བཅུད་ཀྱི་ཕན་འབྲས་ཅུང་ལེགས་ཙམ་ཐོབ་ཅིང་། ཞིང་འབྲོག་པར་གསར་སྤེལ་ཁྲོད་ཕན་པ་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ལེགས་སུ་བཏང་ནས་ཞི་མཐུན་ལྡན་པའི་གྲོང་གསེབ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། དེ་དང་ཆབས་ཅིག ལས་གྲྭར་བརྟེན་ནས་ནགས་བཟོ་དང་མི་ཐབས་རྩྭ་འདེབས་སོགས་ལས་དོན་སྤེལ་བ་བརྒྱུད་གསར་སྤེལ་རྣམ་གྲངས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པ་དང་། རང་བྱུང་གནོད་འཚེ་འགོག་པའི་ཞིང་འབྲོག་ལས་ཀྱི་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བཏིང་ནས་སྣོད་བཅུད་བཟང་བའི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།