དབུ་ཤོག>ཞིང་འབྲོག་གསར་པ།
  • ཞིང་འབྲོག་ལས་ལ་ལོ་ལེགས་ཕྱིར། བྱ་ཐབས་སྣ་མང་བཀོལ་བ་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-26

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གི་ཚེ་རིང་ཉིན་ལྟར་དགའ་སྣང་གིས་ཁེངས། རྒྱུ་མཚན་ནི་ན་ནིང་། ཁོང་ཁྱིམ་གྱི་སྔོ་ཚལ་དྲོད་ཁང་ཆེ་མོར་དོ་དམ་ཡག་པོ་བྱུང་བ་དང་སྔོ་ཚལ་སྣ་ཁ་མང་བའི་རྐྱེན་གྱིས་ཡོང་འབབ་སྒོར་ཁྲི་6ལས་བརྒལ་བ་རག་པས་རེད། “དྲོད་ཁང་ཆེ་མོ་བརྒྱབ་པ་ནས་བཟུང་ང་རང་དབྱར་གུན་སྟོན་དཔྱིད་ཚང་མར་ལས་ལ་བྲེལ། དྲོད་ཁང་ཆེ་མོ་འདི་ངའི‘དངུལ་ཁང་ཆུང་ངུ’ཞིག་དང་འདྲ་བར་ཁྱིམ་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང”ཞེས་ཚེ་རིང་གིས་ཤོད་བཞིན་དྲོད་ཁང་ཆེ་མོར་སྔོ་ཚལ་འདེབས་རྒྱུར་ཡིད་ཆེས་ཀྱིས་ཁེངས།

    2016ལོར། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་ཡིག་ཨང་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཁར། ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་གཙོ་ཐིག་དང་། ནས་གཙོ་བོར་བྱས་པའི་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་མཐའ་ཚད། ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་ལྟེ་བ་བཅས་བྱས་ནས་ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་གཏོང་དང་། ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་སྒྱུར་བཅོས་གཏིང་ཟབ། ཞིང་འབྲོག་ལས་གཉེར་སྐྱོང་ཞབས་ཞུ་མ་ལག་འཐུས་ཚང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བཅས་ལ་ཤུགས་བརྒྱབ་པས། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་25.72ཟིན་ནས་10%འཕར་བ་དང་། ཞིང་འབྲོག་པ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12308ཟིན་ནས་16%འཕར་བ། ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ལས་དཔལ་འབྱོར་བརྟན་པོའི་ངང་ལེགས་སུ་འགྲོ་བའི་འཕེལ་རྒྱས་རྣམ་པ་མངོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།

    ཞིང་འབྲོག་ལས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ།

    ལྷ་ས་གྲོང་ཁྱེར་གྱི་གོང་འོག་ཚང་མས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དུས་དང་རྣམ་པ་ཀུན་ཏུ“ཞིང་གསུམ”ལས་དོན་གྱི་གཙོ་གནད་དུ་བརྩིས་ཤིང། རིམ་རྩིས་བརྒྱབ་ན། ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་16.80བཏང་ནས་རྣམ་གྲངས་43ལས་འགོ་བཙུགས(ལས་ཀ་བསྐྱར་གསོ)པ་རེད། མ་ཡུར་སྤྱི་ལེ་82.64གསར་དུ་བསྐྲུན་ནས་ཆུ་གཏོང་འགན་ལེན་རྒྱ་ཁྱོན་མུའུ་ཁྲི་5.4མང་དུ་ཕྱིན་པ་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་དེ་བཞིན་ཐོན་མཐོའི་ཞིང་ཁ་མུའུ་ཁྲི་35དང་ས་རྒྱུར་དཔག་ནས་ལུད་སྦྱོར་ལུད་རྒྱག་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི་32དོན་འཁྱོལ་བྱས་ཏེ་སྔོ་ལུད་རྒྱ་ཁྱོན་མུའུ་ཁྲི་5.15ཆེ་རུ་བཏང་བ་དང་། “བོད་ནས་ཨང་2000”སོགས་ཞིང་ལས་སྐྱེ་དངོས་སྣ་ཁ་གསར་པ་དཔེ་སྟོན་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་27.33ཁྱབ་བདལ་བཏང་བ། ཞིང་འཕྲུལ་མཉམ་ལས་ཁང་གི་བསྡོམས་འབོར་17དང་ཞིང་འཕྲུལ་མཉམ་ལས་ཁང་གི་ལས་སྒྲུབ་རྒྱ་ཁྱོན་མུའུ་ཁྲི་15.28ཟིན་པ། འབྲུ་རིགས་ཐོན་འབབ་ཏུན་ཁྲི་18.27དང་སྔོ་ཚལ་སྣ་ཚོགས་ཀྱི་ཐོན་འབབ་ཏུན་ཁྲི་29.01ཟིན་པ། ཕྱུགས་རིགས་མགོ་གྲངས་ཁྲི་120ཟིན་ནས་བཤས་གཏོང་ཚད་34.5%ཟིན་པ་དང་། འབྲོག་ཟོག་གཙོ་བོ་ཤ་རིགས་དང་། དཀར་རིགས། སྒོ་ངའི་རིགས་བཅས་ཀྱི་ཐོན་འབབ་ཏུན་ཁྲི་4.3དང་། ཏུན་ཁྲི་6 ཏུན་880བཅས་སོ་སོར་ཟིན་ཡོད་པ་རེད།

    ས་གཙང་བདེ་ཐང་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།

    ལྷ་ས་གྲོང་ཁྱེར་གྱིས“བྱ་བ་དངོས་བཅུ”དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཐོག ས་གཙང་བདེ་ཐང་ཐོན་ལས་དང་ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར་39.6བཏང་ནས། སྟོད་ལུང་བདེ་ཆེན་ཆུས་ཀྱི“ཞང་ཞུང་མེ་ཏོག”ཡུལ་སྐོར་རིག་གནས་ཐོན་ལས་གླིང་དུས་ཁག་དང་པོ་དང་ཆུ་ཤུར་རྫོང་ཚལ་སྣ་ས་གཙང་བདེ་ཐང་ཡུལ་སྐོར་དཔེ་སྟོན་གླིང་གི་མུའུ་100ཡོད་པའི་སྟར་འབྲེལ་དྲོད་ཁང་། ཁྲེང་ཀོན་ཆུས་གར་པ་སྣོད་བཅུད་འབྲོག་ར། དཀར་ཆུ་ལས་སྣོན་བཟོ་གྲྭ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱས་པ་རེད། དེ་དང་ཆབས་ཅིག “ལྷ་ས་ས་གཙང”ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཀྱི་ཚོང་རྟགས་17གྲུབ་འབྲས་ཐོབ་པའི་ངང་ཐོ་འགོད་ཐུབ་ནས་བོད་བྱའི་ཚད་གཞིའི་རྣམ་གྲངས་139དང་སྤོས་ཀྱི་ཚད་གཞིའི་རྣམ་གྲངས་37གྲུབ་པ་རེད། ཅིང་ཏུང་དང་ཐའོ་པའོ་སོགས་དྲ་ཐོག་ཕྱིར་ཚོང་ལས་སྟེགས་ཡག་པོར་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་ས་གཙང་བདེ་ཐང་ཐོན་ལས་ཐོན་རྫས་བསྡུ་སྒྲིལ་བྱས་ནས་་ཆེད་ཚོང་ཁང་བཙུགས་ཏེ་དྲ་ཐོག་ནས་བཙོངས་པ་རེད། “ས་མཐོའི་ནོར་བུ”ལྷ་ས་ས་གཙང་བདེ་ཐང་ཐོན་ལས་ཡོན་ཧྲི་ལས་དོན་ས་ཚིགས་དང་། ལྷ་ས་ས་གཙང་བདེ་ཐང་ཐོན་ལས་བཟའ་ཆར(སྨན)སྤྱོད་པའི་ཤ་མོའི་རིགས་གཅིག་མཁས་ཅན་ལས་དོན་ས་ཚིགས་སོགས་ཚན་རྩལ་གསར་གཏོད་ལས་སྟེགས་གལ་ཆེན་ཁག་ཅིག་བཙུགས་པ་རེད།

    གྲོང་གསེབ་གསར་པ་འཛུགས་སྐྲུན་འཕེལ་རིམ་མགྱོགས་སུ་བཏང་བ།

    ལྷ་ས་གྲོང་ཁྱེར་གྱིས་འཚོ་སྡོད་བྱ་རྒྱུར་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཐེབས་ཡོད་པ་རེད། མ་དངུལ་སྒོར་ཁྲི་1800བཏང་ནས་དུད་ཚང་2228ཀྱི་མི་9007གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ་དང་། གྲོང་ཚོ་ཚང་མར་གློག་ཤར་གཏོང་ཐུབ་པའི“གསེར་གྱི་ཉི་མ”དཔེ་སྟོན་ལས་གྲྭ་བདེ་བླག་ངང་སྤེལ་ནས་སྲིད་འཛིན་གྲོང་ཚོར་གློག་ཤར་གཏོང་ཐུབ་ཚད་100%ཟིན་པ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་567.5གསར་སྐྲུན་དང་རྒྱས་སྐྲུན་བྱས་པས་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་ཚད་ཁྱོན་སྤྱི་ལེ་3148.3ཟིན་ནས་ལྗོངས་ཡོངས་ཀྱི་ཨང་དང་པོར་བསླེབས་པ། ནགས་བཟོ་རྒྱ་ཁྱོན་མུའུ་ཁྲི་13.37ལེགས་སྒྲུབ་བྱས་པ་མ་ཟད། སྲིད་འཛིན་གྲོང་ཚོ་55ཡིས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་གཏོད་རྒྱུའི་རེ་ཞུ་བྱས་པ་དང་། ཤང(གྲོང་རྡལ)31གིས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང(གྲོང་རྡལ)གཏོད་རྒྱུའི་རེ་ཞུ་བྱས་པ། མལ་གྲོ་གུང་དཀར་རྫོང་གིས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་གཏོད་རྒྱུའི་རེ་ཞུ་བྱས་པ། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)273ཁྲོད་ཀྱི་བྱེད་སྒོ་སྤེལ་ཡུལ་64ཚད་གཞི་ལོན་ནས“མཉམ་སྡེབ་དཔལ་འབྱོར་ཡོང་འབབ་མེད་པའི་གྲོང་ཚོ”གཅིག་ཀྱང་མེད་པ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་ནས་མཉམ་སྡེབ་དཔལ་འབྱོར་ཁྱབ་ཚད་100%ཟིན་པ་དང་། མཉམ་སྡེབ་དཔལ་འབྱོར་ཡོང་འབབ་རིམ་རྩིས་བྱས་ན་སྒོར་ཁྲི་100ཡན་ཟིན་པའི་གྲོང་ཚོ(གྲོང་ལྷན)67ཟིན་ནས་2015ལོ་དང་བསྡུར་ན་གྲོང་ཚོ་10འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།